བོད་ནང་གི་ཕྲུ་གུ་ཚོ་བཅའ་སྡོད་སློབ་གྲྭའི་ནང་དུ་མ་བཏང་ན་ཕ་མའི་གཞུང་ལས་ཤོར་རྒྱུ་སོགས་ཀྱི་ཉེན་ཁ་ཡོད་འདུག
ཁོང་ཚོ་ང་ཚོའི་བྱིས་པ་ལེན་པར་སླེབ་དུས་ཞེས་པའི་སྙན་ཐོ་གསར་པས་རྒྱ་གཞུང་གིས་འཛིན་སྐྱོང་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་ནང་གི་བྱིས་པ་རྣམས་ལ་འཐུས་ཤོར་དང་། ཚུལ་མིན་ལོག་སྤྱོད་འཕོག་པའི་ཉེན་ཁ་ཆེན་པོ་ཡོད་པ། དེ་བཞིན་གྲོང་གསེབ་ས་ཁུལ་དུ་བྱིས་པ་ལོ་བཞི་ལོན་ཙམ་ནས་བཅའ་སྡོད་སྔོན་འགྲོའི་སློབ་གྲྭ་འགྲོ་དགོས་པས། སློབ་གྲྭའི་གུང་གསེང་སྐབས། སློབ་ཕྲུག་རྣམས་བོད་ཡིག་གི་འཛིན་གྲྭར་ཞུགས་པ་དང་། ཆོས་ཕྱོགས་ཀྱི་བྱ་བར་འཇུག་མི་ཆོག་པའི་དམ་དྲག་ཡོད་པ་སོགས་གནད་དོན་དྲུག་ཤེས་རྟོགས་བྱུང་ཡོད་འདུག

ཟླ་འདིའི་ཚེས་༥ ཉིན་གྱི་ཕྱི་དྲོ། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་དྷ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ་ཁོང་ཚོ་ང་ཚོའི་བྱིས་པ་ལེན་པར་སླེབས་དུས། རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་དང་། བོད་ཀྱི་མ་འོངས་པ། ཞེས་པའི་ཤོག་གྲངས་ལྔ་བཅུ་ང་ལྔ་ཅན་གྱི་སྙན་ཐོ་གསར་པ་ཞིག་འགྲེམས་སྤེལ་གནང་སོང་།
སྐབས་དེར་འདི་གའི་གསར་འགོད་པས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བོད་རིག་པའི་ཆེས་མཁས་པ་དང་། འབུམ་རམས་པ་རྒྱལ་ལོ་ལ་བོད་ནང་གི་ཕ་མ་ཚོར་གདམ་ཁ་ཇི་ལྟར་མེད་ཚུལ་སྐོར་བཅར་འདྲི་ཞུས་པར། ཁོང་གིས་གལ་ཏེ་ཕ་མ་ཚོས་རྒྱ་གཞུང་གི་བཀའ་ལ་མ་བརྩིས་ན། བསུན་གཙེར་དང་འཇིགས་སྐུལ། ཉེས་ཆད་གཏོང་བ་བཅས་ཡོང་གི་ཡོད་པ་དང་། གཞུང་གི་ལས་བྱེད་པ་ཚོ་ལ་ལས་ཀ་ཤོར་རྒྱུའི་ཉེན་བརྡ་བཏང་བ་སོགས་ཡོང་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
དེ་བཞིན། གསར་དུ་འགྲེམས་སྤེལ་བྱས་པའི་སྙན་ཐོའི་ནང་། སྙན་ཐོ་འདིས་༡༽ རྒྱ་གཞུང་གིས་འཛིན་སྐྱོང་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་ནང་གི་བྱིས་པ་རྣམས་ལ་འཐུས་ཤོར་དང་། ཚུལ་མིན་ལོག་སྤྱོད་འཕོག་པའི་ཉེན་ཁ་ཆེན་པོ་ཡོད་པ་དང་། ༢༽ གྲོང་གསེབ་ས་ཁུལ་དུ་བྱིས་པ་ལོ་བཞི་ལོན་ཙམ་ནས་བཅའ་སྡོད་སྔོན་འགྲོའི་སློབ་གྲྭ་འགྲོ་དགོས་པ། ༣༽ སློབ་གྲྭའི་གུང་གསེང་སྐབས་སུ་ཡང་། སློབ་ཕྲུག་རྣམས་བོད་ཡིག་གི་འཛིན་གྲྭར་ཞུགས་པ་དང་། ཆོས་ཕྱོགས་ཀྱི་བྱ་བར་འཇུག་མི་ཆོག་པའི་དམ་དྲག་ཡོད་པ། ༤༽ བོད་སྐད་བརྒྱུད་ལམ་ཅན་གྱི་སློབ་གྲྭ་དང་། བོད་སྐད་ཀྱི་འཛིན་གྲྭ་རྣམས་སྒོ་བརྒྱབ་པ་ལ་བརྟེན། བོད་པའི་བྱིས་པ་ཚོས་རང་གི་མ་སྐད་བརླག་བཞིན་ཡོད་པ། ༥༽ནང་མི་ནས་ཁ་བཀྲལ་བ་དང་། བཅའ་སྡོད་སློབ་གྲྭའི་ནང་བསམ་བཞིན་དུ་བྱིས་པ་ཚོའི་ངོ་བོ་རྒྱ་སྒྱུར་བྱེད་བཞིན་པ་དེས། སེམས་ནད་དང་གྲོགས་མེད་ཁེར་ལུས་ཀྱི་གཅོང་ནད་མྱོང་བ་ཐེ་བའི་སེམས་ཁམས་ལ་གནོད་སྐྱོན་ཡོང་བའི་རྒྱུ་བྱེད་ཀྱི་ཡོད་པ། ༦༽ མི་སེར་སྤེལ་ཡུལ་ཅན་གཡི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེས། རྒྱ་ནག་རྒྱལ་ནང་གི་ཁྲིམས་དང་། རྒྱལ་སྤྱིའི་ཁྲིམས་གཉིས་ཀ་འགལ་གྱི་ཡོད་པ་དང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དུས་མས། བཅུ་ཕྲག་གའགོའི་རིང་ལ་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་ཟིན་པའི་ཉམས་ལེན་ཡག་ཤོས་ཁག་དང་འགལ་བ་ལྟག་སྤྲོད་ཡིན་པ། ༧༽ བོད་མིའི་རང་གི་རིག་གཞུང་དང་འབྲེལ་བའི་སློབ་གསོའི་མཐུན་རྐྱེན་འཛུགས་སྐྲུན་གྱི་ལས་གཞི་ཁག་ལ། རྒྱ་ནག་གཞུང་གིས་དྲག་པོའི་སྒོ་ནས་བཀག་འགོག་བྱེད་བཞིན་ཡོད། དེ་ལྟར་ཡང་། བོད་མིས་འཛིན་སྐྱོང་བྱེད་པའི་སློབ་གསོའི་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུའི་མངོན་འདོད་དང་། དེ་འབྲེལ་གྱི་ཆེད་མཁས་པ་ད་ལྟའང་བོད་མིའི་ནང་གནས་བཞིན་ཡོད་པ་བཅས་ཤེས་རྟོགས་བྱུང་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོས།