བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་སྤྱི་མོས་གཏན་འབེབས་གནང་སོང་།
ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༣ ཉིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཞི་པ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་སོང་།

བགྲོ་གླེང་སྐབས་སྤྱི་འཐུས་༣༡ ཙམ་གྱིས་བགྲོ་གླེང་ནང་ཆ་ཤས་བླངས་ནས། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་གལ་ཆེ་བ་དང་། བོད་ཕྲུག་ཚོ་ལས་འགུལ་ནང་ཞུགས་པར་ཕ་མས་སྣེ་འཁྲིད་དགོས་པ། ང་ཚོའི་དཀའ་ངལ་ནི་ཆབ་སྲིད་ཀྱི་དཀའ་ངལ་ཞིག་ཡིན་པར་བརྟེན། བཙན་བྱོལ་ནང་ཡོད་མཁན་ཚོས་ཆབ་སྲིད་དང་འབྲེལ་བའི་འགན་འཁུར་ནས་ལས་ཀ་བྱེད་གལ་ཆེ་བ། ལྷག་པར་དུ། བརྙན་ཁྱབ་བསྒྲགས་ལ་བརྟེན། བོད་ནང་ཚེ་སྲོག་ལ་ཉེན་ཁ་འཕྲད་པའི་གནས་ཚུལ་བྱུང་ཡོད་པས། བཙན་བྱོལ་ནང་གི་ལས་འགུལ་བ་དང་། དྲིལ་བསྒྲགས་པ། བརྙན་བཟོ་མཁན་ཚོས་འགན་འཁུར་ཡོད་པ་དང་བོད་ལ་ཤ་ཚ་དང་ལ་རྒྱ་ཡོད་པའི་ཐོག་ནས་བརྙན་གྱི་རིགས་ཁྱབ་བསྒྲགས་བྱེད་དགོས་པ། བརྙན་གྱི་རིགས་ཁྱབ་བསྒྲགས་བྱེད་པར་ཐུགས་གཟབ་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་སོང་།
དེ་བཞིན་གྲོས་ཚོགས་སུ་བོད་ནང་གི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གྲོས་ཆོད་རྣམས་ནི།
༡༽ རྒྱ་ནག་དམར་གཞུང་གིས་བོད་ས་ཧམ་བཟུང་བྱས་ནས་ད་བར་བོད་མི་རྣམས་ལ་བཙན་གནོན་དང་སྡུག་སྦྱོང་མནར་གཅོད་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་ནས་སླར་ཡང་བོད་གངས་ཅན་ལྗོངས་སུ་སྐྱེས་ཤིང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རྨད་བྱུང་མཛད་རྗེས་འཇོག་གནང་ཡོང་བའི་སྨོན་འདུན་དང་ཤུལ་ལུས་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ།
༢༽ རྒྱ་ནག་དམར་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་སྔར་ལས་མང་བ་ཆེད་འཛུགས་བྱས་ཏེ་བོད་ཀྱི་བྱིས་པ་ལོ་བཞི་ཡན་ཆོད་རང་གི་ཕ་མ་དང་སྤྱི་ཚོགས། སྐད་ཡིག་རིག་གཞུང་དང་བཅས་པ་ཁ་བྲལ་དུ་གཏོང་བཞིན་པའི་རྒྱ་སྒྱུར་གྱི་སྲིད་བྱུས་དང་། དགོན་སྡེ་ཁག་གི་ནང་དུ་ལོའི་ཚད་བཀག་བཟོས་ཏེ་ལོ་ཆུང་གྲྭ་བཙུན་བརྒྱ་ཕྲག་མང་པོ་བཙན་གྱིས་དགོན་པ་ནས་ཕྱིར་ཕུད་བཏང་དང་གཏོང་བཞིན་པ། སྒེར་གཉེར་སློབ་གྲྭ་ཁག་བཙན་གྱིས་སྒོ་རྒྱག་བཅུག་པ། བོད་ཡིག་མཐོ་རྒྱུགས་ཀྱི་ཡིག་ཚད་ནང་གཏོང་རྒྱུ་མེད་པ་བཟོས་པ་ཁྲིམས་མེད་ལུགས་མེད་ཐོག་ནས་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང༌། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུ་བཅས་ལ་རང་དབང་སྤྲོད་དགོས།
༣༽ ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་(དགེ་འདུན་ཆོས་ཀྱི་ཉི་མ་) མཆོག་གིས་གཙོས་རྒྱ་གཞུང་གི་བཙན་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་ནས། ཁོང་རྣམ་པའི་ཚེ་སྲོག་ལ་འགན་ཁུར་ཐོག་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས་པ་ནན་བརྗོད་བྱ་རྒྱུ།
༤༽ ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟའི་བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་པས། རྒྱ་ཕྱོགས་ནས་གཡས་ཁག་གཡོན་དཀྲིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མ་བྱས་ཚེ་མ་འོངས་པར་ཛ་དྲག་གནས་ཚུལ་ཇི་བྱུང་འགན་ཁུར་ཆ་ཚང་རྒྱ་ནག་དམར་གཞུང་ལ་ཡོད་པ་ནན་བརྗོད་བྱ་རྒྱུ།
༥༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པ་དང་འབྲེལ་ཆོས་ཚོགས་ཐེངས་ ༡༥ པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་བཀའ་དྲིན་སྩལ་སྨིན་བྱུང་བ་དང་། ཆོས་ཚོགས་ཐེངས་ ༡༥ པའི་གྲོས་ཆོད་བཅས་ཀྱི་དགོངས་དོན་ལས་རྒྱ་ནག་དམར་གཞུང་ནས་ཆབ་སྲིད་དགོས་དབང་གིས་ཐེ་བྱུས་བྱས་རིགས་བྱུང་ཚེ་ངོས་ལེན་མེད།
༦༽ བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་༦༠ འཁོར་བར་“ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་”ཅེས་པའི་ཚོགས་ཆུང་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་པ་དང་། སྐབས་དེར་ཆབ་སྲིད་ཀྱི་ཇུས་ངན་བཤམས་ཏེ་བཙན་གནོན་འོག་ནས་བོད་མི་རྣམས་ཀྱིས་དགའ་བསུ་ཡོད་པའི་རྣམ་པ་ཤུགས་ཆེར་བསྟན་བཅུག་པ་དང་། ཡང་སྙིང་དམར་ཤོག་ཚོགས་པའི་ལོ་རྒྱུས་དང་ཆབ་སྲིད་སྐོར་སློབ་གསོ་དང་དྲིལ་བསྒྲགས་དགོས་སྐོར། རྒྱ་མི་རིགས་ཀྱི་སྐད་ཡིག་ལ་བཀོལ་སྤྱོད་ཤུགས་ཆེ་རུ་གཏོང་ཐབས། མི་རིགས་མཉམ་བསྲེས་ཡོང་ཐབས་སྐུལ་འདེད་དགོས་པ་བཅས་གཙོར་བཟུང་གིས་མདོར་ན་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་འཆར་གཞི་རང་ཡིན་པ་གསལ་པོ་བསྟན་འདུག་པས་དེར་ངོས་ལེན་གཏན་ནས་མེད་པ་མ་ཟད། མཐའ་གཅིག་ཏུ་ངོ་རྒོལ་ཡོད།
༧༽ རྒྱ་ནག་དམར་གཞུང་གིས་བོད་ས་ཧམ་བཟུང་བྱས་པ་ནས་རྒྱ་གཞུང་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ཀྱི་བཙན་གནོན་འོག་གཞིས་ལུས་བོད་མི་རྣམས་ཉིན་མཚན་འཁྱོལ་དཀའ་བའི་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་བཅས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ། རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་གོ་སྐབས་དམ་འཛིན་གྱིས་བོད་དོན་དྲིལ་བསྒྲགས་དང་སྲིད་གཞུང་ཁག་ལ་ཞུ་གཏུག་ལས་འགུལ་སོགས་བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང༌། སྐད་དང་ཡི་གེ། ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་བཅས་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་བྱ་དགོས་པ་བཅས་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།