བོད་ནི་ས་ཁམས་ཆབ་སྲིད་སོགས་ཀྱི་ཐད་འཛམ་གླིང་ལ་གལ་ཆེ་ཡིན་པའི་སྙན་ཐོ།
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༧ ཉིན། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་གསར་པ་(Why Tibet ? Strategic Imperatives for International Peace and Security) ཞིག་བཏོན་པའི་ནང་། བོད་ནི་ས་ཁུལ་དང་འཛམ་གླིང་གི་ས་ཁམས་ཆབ་སྲིད་དང་། བདེ་འཇགས་དང་ཚོང་འབྲེལ། ཁོར་ཡུག་བཅས་ཀྱི་ཐད་གལ་ཆེན་ཡིན་ཞེས་བཀོད་ཡོད་འདུག

སྙན་ཐོ་འདིས་རྒྱལ་སྤྱིའི་སྲིད་བྱུས་བཟོ་མཁན་ཚོ་ལ་བོད་མིའི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱ་བོད་བར་གྱི་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་སྐུལ་མ་བྱས་ཡོད་པ་མ་ཟད། དམིགས་ཡུལ་དེ་དག་ནི་ས་ཁུལ་གྱི་བརྟན་ལྷིང་དང་། ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བར་གདོང་ལེན་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་ཞེས་དང།
སྙན་ཐོ་གསར་པ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོས། བོད་ནི་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནད་དོན་ཛ་དྲག་ཆེ་ཤོས་གྲས་ཤིག་དང་། ཨེ་ཤི་ཡའི་ས་ཁམས་ཆབ་སྲིད་ཀྱི་ལྟེ་བ་ཡང་ཡིན་པ། རྒྱ་ནག་གིས་འཆར་གཞི་ལྡན་པའི་ཐོག་བོད་མི་ཚོར་མནར་གཅོད་དང་། བོད་མཐོ་སྒང་དེ་དམག་དོན་ཅན་དུ་བསྒྱུར་བཞིན་པ་དེས་ཨ་རི་དང་། ཡུ་རོབ། དེ་བཞིན་ཁོང་ཚོའི་ས་ཁུལ་གྱི་གྲོགས་པོ་ཚོའི་བདེ་འཇགས་ལ་ཐད་ཀར་ཉེན་ཁ་བཟོ་བཞིན་ཡོད་པ་རེད་ཅེས་དང་། རྒྱལ་ཁབ་དེ་དག་གིས་ཕྱི་འབྲེལ་སྲིད་བྱུས་ཀྱི་ནང་། བོད་དོན་གྱི་གནས་བབས་མཐོ་རུ་འདོན་རྒྱུ་ནི་འདམ་ཁ་ཞིག་མིན་པ། བོད་དོན་དེ་ཕྱི་འབྲེལ་སྲིད་བྱུས་ཀྱི་གལ་ཆེའི་གནས་སུ་བཞག་སྟེ། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱ་བསྐྱེད་རིང་ལུགས་ལ་ཁ་གཏད་གཅོག་རྒྱུ་ནི་ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་། བརྟན་ལྷིང་སྲུང་སྐྱོབ་བྱེད་པར་དགོས་ངེས་ཀྱི་འཐབ་བྱུས་ཤིག་ཏུ་གྱུར་ཡོད་པ་རེད་ཅེས་བརྗོད་འདུག
རྒྱ་ནག་གིས་བོད་ནང་ལག་བསྟར་དང་བོད་མིར་གཉའ་གནོན་བྱེད་པའི་སྲིད་བྱུས་དག་གིས་ཁུལ་དེར་ཁོར་ཡུག་དང་། ཆབ་སྲིད། དམག་དོན་བཅས་ཀྱི་ཐད་དཀའ་ངལ་བཟོ་བཞིན་ཡོད་པ་དང་། རྒྱ་གཞུང་གིས་ཆུ་མཛོད་ཆེན་པོ་རྒྱ་སྐྱེད་གཏོང་བཞིན་པ་དེས་ཁོར་ཡུག་བརྟན་ལྷིང་མེད་པ་བཟོ་བ་དང་། བོད་མི་ས་ཡ་མང་པོའི་སྲོལ་རྒྱུན་གྱི་འཚོ་ཐབས་ལ་འགྱུར་བ་གཏོང་བ། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཆུ་དཀོན་པའི་དཀའ་ངལ་ཇེ་ཆེར་གཏོང་བཞིན་ཡོད་པ། དེ་བཞིན་བོད་ནང་དམག་དོན་གྱི་རྨང་གཞི་རྒྱ་སྐྱེད་གཏོང་བཞིན་པ་དེས་ཧིན་བོད་ས་མཚམས་ཁུལ་དུ་ལོ་མང་གི་ཛ་དྲག་ཇེ་ཆེར་གཏོང་ཡོད་ཚུལ་འཁོད་འདུག།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་དང་བོད་མི་སྲུང་སྐྱོབ་བྱེད་ཆེད། འཛམ་གླིང་ཡོངས་ཀྱི་གྲོས་ཚོགས་འཐུས་མི་ཚོར་༸གོང་ས་མཆོག་གི་ཞི་བདེའི་གྲོས་འཆར་དོན་ཚན་ལྔའི་ནང་གསལ་ལྟར་བོད་དེ་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དང་། རྒྱ་བོད་བར་གྱི་དཀའ་རྙོག་སེལ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག གཞན་ཡང་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་ལྷོ་ཨེ་ཤི་ཡའི་ས་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་བྱས་ཏེ། རྒྱ་ནག་གིས་བོད་དུ་མནར་གཅོད་དང་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པའི་གནོན་ཤུགས་ལ་ཁ་གཏད་གཅོག་པ་དང་། བོད་ནང་དམག་དོན་ནམ། བོད་མཐོ་སྒང་གི་ཐོན་ཁུངས་བཤུ་གཞོག་བྱེད་པའི་རྒྱ་གཞུང་གི་ལས་གཞི་ཁག་ལ་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཚོས་མ་རྩ་འཛུགས་རྒྱུར་ཁྲིམས་ཐོག་ནས་ཚོད་འཛིན་བྱེད་པ། དེ་བཞིན་བོད་ནང་གི་རྒྱ་ནག་གི་དབང་སྒྱུར་དེ་མི་རིགས་ཀྱི་དཔལ་ཡོན་གྱི་འཚོ་གནས་ལ་ཉེན་ཁ་བཟོ་བའི་མི་སེར་སྤེལ་ཡུལ་ཞིག་ཏུ་ངོས་འཛིན་བྱེད་པ་སོགས་བྱེད་ཆོག་པའི་མཚམས་སྦྱོར་བྱས་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
