བོད་མི་གཉིས་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་བྱེད་རྒྱུ་རེད།
ཕྱི་ལོ་༢༠༡༦ ལོའི་ལྷོ་ཨ་མི་རི་ཀའི་བྷེ་ར་ཛིལ་(brazil)དུ་འཚོགས་རྒྱུ་ཡིན་པའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དུ། རྒྱ་ནག་གི་འཐུས་ཚབ་ནང་བོད་མི་གཉིས་འདེམས་ཐོན་བྱུང་ཡོད་འདུག
དེ་ཡང་ཟླ་༨ པའི་ཚེས་༥ ནས་༢༡ བར་ཚོགས་རྒྱུ་ཡིན་པའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ནང་དུ། བོད་མི་འདུར་རྒྱུག་ལུས་རྩལ་བ་ཆོས་དབྱིངས་སྐྱིད་དང་འབྲིང་རྒྱང་འདུར་རྒྱུག་ལུས་རྩལ་བ་སྟོབས་རྒྱལ་གཉིས་ཟླ་༧ ཚེས་༡༨ ཉིན་པེ་ཅིང་དུ་འདི་ལོའི་ཨོ་ལིམ་པིག་རྩེད་འགྲན་སྐབས་རྒྱ་ནག་གི་འཐུས་ཚབ་རྩེད་འགྲན་པ་གཏན་འབེབས་བྱས་པའི་ཚོགས་འདུའི་སྐབས་ཁོང་གཉིས་འདེམས་ཐོན་བྱུང་ཡོད་འདུག
ཆོས་དབྱིངས་སྐྱིད་ནི་ཕྱི་ལོ་༢༠༡༢ ལོའི་ལོན་ཊོན་དུ་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་སྐབས་བར་ཐག་སྤྱི་ལེ་༢༠ འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་གསུམ་པའི་ཟངས་ཀྱི་རྟགས་མ་ཐོབ་པ་དེ་ནི། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ནང་བོད་ཀྱི་བེུད་ཅིག་ལ་རྟགས་མ་ཐོབ་པ་ཐོག་མ་དེ་ཆགས་ཡོད་པ་རེད།
ཕྱི་ལོ་༢༠༡༦ ལོའི་ཟླ་༣ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་ལུས་རྩལ་འདུམ་གཅོད་ཁྲིམས་ཁང་གིས། ཨུ་རུ་སུའི་ལུས་རྩལ་པ་འགའ་ལུས་རྩལ་འགྲན་སྡུར་གྱི་སྒྲིག་ཁྲིམས་དང་འགལ་ཏེ་ཁྲིམས་ཆད་ཕོག་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ཁྲོད་ཕྱི་ལོ་༢༠༡༢ དངུལ་གྱི་གཟེངས་རྟགས་ལེན་མཁན་ཨུ་རུ་སུའི་འདུར་རྒྱུག་ལུས་རྩལ་བ་ཁཱ་ནེའུ་ཧྲིན་ཅིན་ནཱ་ཡིས། འགྲན་སྡུར་སྐབས་ལུས་ངལ་གསོ་བའི་སྨན་བཏུང་ཡོད་པ་ར་འཕྲོད་བྱུང་སྟེ། དངུལ་གྱི་རྟགས་མ་ཕྱིར་བསྡུས་བྱས་ཡོད་སྟབས། ཆོས་དབྱིངས་སྐྱིད་ཨང་གཉིས་པར་རིམ་གསབ་བྱས་ནས་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག
སྟོབས་རྒྱལ་ནི་ཕྱི་ལོ་༢༠༡༡ལོ་ནས་བཟུང་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཐོག་སྦྱོང་བརྡར་བྱེདའགོ་ཚུགས་འདུག་ཅིང་། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་རྒྱ་ནག་ནང་དང་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་མང་པོར་མཉམ་ཞུགས་བྱས་ནས། ཨང་དང་པོའི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་པ་ཞིག་ཡིན་འདུག།
གསར་འགོད་པ་སྐལ་བཟང་དོན་གྲུབ།
