བོད་མི་གསུམ་ལ་རྒྱ་གར་མི་སེར་ལག་ཁྱེར་གྱི་ཞུ་གཏུག་ལ་རྒྱལ་ཁ་ཐོབ་པ།

རྒྱ་གར་རྒྱལ་ས་ལྡི་ལིའི་མཐོ་རིམས་ཁྲིམས་ཁང་གིས། རྒྱ་གར་མི་སེར་ཐོབ་ཐང་གི་ཁྲིམས་ཡིག་ལྟར། ཆ་རྐྱེན་ཚང་པའི་བོད་མི་ཚང་མར་མི་སེར་ལག་ཁྱེར་ཐོབ་ཀྱི་ཡོད་པའི་ཁྲིམས་ཐག་བཅད་འདུག

14445513_1263393427017857_1119426102_nདེ་སྔོན་བོད་མི་བློ་བཟང་དབང་རྒྱལ་དང་། ཕུན་ཚོགས་དབང་རྒྱལ། བསྟན་འཛིན་དོན་ལྡན་གསུམ་གྱིས་ལྡི་ལིའི་མཐོ་རིམས་ཁྲིམས་ཁང་ལ། ཁོ་ཚོར་རྒྱ་གར་མི་སེར་གྱི་དཔང་རྟགས་འོས་ཤོག་འཕེན་མཁན་གྱི་ངོས་འཛིན་ལག་ཁྱེར་ཡོད་ཀྱང་། མི་སེར་ལག་ཁྱེར་མ་ཞུས་སྔོན་དུ། ནང་སྲིད་ལས་ཁུངས་ནས་མི་སེར་ཡིན་པའི་ངོས་འཛིན་ལག་ཁྱེར་ལེན་དགོས་སྐོར་བརྗོད་ཡོད་པར་བརྟེན། ཁོང་གསུམ་གྱིས་སྒེར་སོ་སོའི་ངོས་ནས་ཞུ་གཏུག་བྱས་ཡོད་པ་དང་། ཟླ་འདིའི་ཚེས་༢༢ ཉིན་ཞུ་གཏུག་གསུམ་པོ་མཉམ་དུ་ཐག་གཅོད་བྱས་འདུག

དེ་ཡང་མཐོ་རིམ་ཁྲིམས་ཁང་གིས་རྒྱ་གར་ནང་སྲིད་དང་ཕྱི་སྲིད་ལས་ཁུངས་གཉིས་ལ་ཕྱི་ལོ་༡༩༥༠ ལོའི་ཟླ་༡ པོའི་ཚེས་༢༦ ཉིན་ནས་༡༩༨༧ ལོའི་ཟླ་༧ པའི་ཚེས་༡ བར་རྒྱ་གར་དུ་སྐྱེས་པའི་བོད་མི་ཚང་མར་རྒྱ་གར་གྱི་མི་སེར་ལག་ཁྱེར་སྤྲོད་དགོས་པའི་བཀོད་ཁྱབ་བཏང་འདུག་པ་དང་། དེ་བཞིན་ཞུ་གཏུག་བྱེད་མཁན་བོད་མི་གསུམ་པོར་བདུན་ཕྲག་བཞིའི་ནང་མི་སེར་ལག་ཁྱེར་སྤྲོད་དགོས་པའི་བཀོད་ཁྱབ་བཏང་འདུག

བློ་བཟང་དབང་རྒྱལ་དང་། བསྟན་འཛིན་དོན་ལྡན་གཉིས་ཀྱི་ངོ་ཚབ་རྒྱ་གར་ཁྲིམས་རྩོད་པས་ཐག་གཅོད་དེ་བོད་མི་ཚོར་རྒྱ་གར་མི་སེར་ལག་ཁྱེར་ཐོབ་ཐང་ཡོད་པ་དང་། བོད་མི་ཚང་མས་རྒྱ་གར་ཁྲིམས་ཀྱི་སྲུང་སྐྱོབ་ལས་ཁེ་ཕན་ལེན་ཆོག་གི་ཡོད་པ་ངེས་གཏན་དང་གསལ་པོ་ཆགས་པ་ཡིན་སྐོར་བརྗོད་འདུག

སྤྱིར་རྒྱ་གར་ནང་བོད་མི་མང་པོ་ཞིག་ལ་རྒྱ་གར་གྱི་མི་སེར་ལག་ཁྱེར་གྱི་ཐོབ་ཐང་གི་ཆ་རྐྱེན་ཚང་ཡོད་ཀྱང་། རྒྱུ་མཚན་འདྲ་མིན་བརྟེན་ནས་ཐོབ་ཐང་དེ་ལེན་ཆོག་ཆོག་མེད་པ་མ་ཟད། རྩོད་མཁན་མང་པོ་མེད་པ་དང་མི་ལེན་མཁན་ཡང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།