བོད་མི་བརྒྱད་ལ་དུས་བཀག་བཙོན་འཇུག

ཟླ་འདིའི་ཚེས་༥ བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་བ་ནས་བཟུང་བོད་ཀྱི་ས་གནས་མང་པོར་སྤྱི་བདེ་ཉེན་རྟོག་པའི་མངགས་གཏོང་ཁང་མང་དག་ཅིག་གསར་བསྐྲུན་བྱས་ཡོད་པ་ལྟར། ཁམས་སྡེ་དགེ་རྫོང་ཁོངས་གཉན་སྒོར་ཡུལ་ཚོ། རེག་པ་གྲོང་ཚོ་དང་ཝ་པ་གྲོང་ཚོའི་དབར་དུ་་ཉེན་རྟོག་པའི་ལས་ཁུངས་ཤིག་གསར་འཛུགས་བྱས་ཡོད་པར། ས་གནས་མི་མང་གིས་འདོད་མོས་མེད་པའི་རྣམ་འགྱུར་བསྟན་པ་དང། ༢༠༡༢ ཟླ་༢ པའི་ཚེས་༢༤ ཉིན་རེག་པ་གྲོང་ཚོ་ནས་ཡིན་པའི་བཀྲིས་ཞེས་པའི་ན་གཞོན་ཞིག་གིས་ངོ་རྒོལ་སླད་འབར་རྫས་བཞག་སྟེ་ཉེན་རྟོག་པའི་ལས་ཁུངས་གཏོར་རྗེས་ཁོང་རང་ཉིད་ཀྱང་འདས་གྲོངས་སོང་བའི་གནས་ཚུལ་ཐོན་ཡོད་འདུག

བཀྲིས་ལགས་འདས་གྲོངས་སུ་མ་གྱུར་བའི་ཉིན་རེ་གཉིས་སྔོན་ངོ་ཤེས་ཁག་གཅིག་ལ་གཞུང་གིས་ཉེན་རྟོག་ལས་ཁུངས་གང་བྱུང་བརྒྱབ་པ་མ་ཟད། ཁོང་ཚོས་དྲག་རྩུབ་ཀྱི་རྣམ་པ་ཤུགས་ཆེ་སྟོན་གྱི་འདུག་པས། ངས་དེ་དག་རྩ་མེད་བཟོས་ཏེ་རང་ཉིད་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་ཞེེས་བཤད་མྱོང་ཡོད་འདུག ཁོང་འདས་གྲོངས་གྱུར་རྗེས། ཁོང་གི་སྦག་སྦག་སྟེང་སྣུམ་ཁུར་རྒྱུ་ཡོད་པ་སོགས་ལ་བརྟེན། ཁོང་དང་གྲོང་ཚོ་གཅིག་པའི་མི་བརྒྱད་ལ་ཁོང་གི་ལས་འགུལ་དང་འབྲེལ་བ་ཡོད་པར་བསྙད་དེ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ད་ཆ་མི་ཉག་ཁུལ་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག
༡༽ ཡེ་ཤེས། རང་ལོ་ ༣༦ དུས་བཀག་བཙོན་འཇུག་ལོ་༩། ༢༽ འཇིགས་དགའ། དུས་བཀག་བཙོན་འཇུག་ལོ་ ༤། ༣༽ པདྨ་ནོར་བུ། དུས་བཀག་བཙོན་འཇུགལོ་༥། ༤༽ ཚེ་རིང་ཕུན་ཚོགས། དུས་བཀག་བཙོན་འཇུག་ལོ་ ༣། ༥༽ བུ་རྒོད། རང་ལོ་ ༤༩ དུས་བཀག་བཙོན་འཇུག་ལོ་༣། ༦༽ དགེ་འདུན། དུས་བཀག་བཙོན་འཇུག་ལོ་༣། ༧༽ ལྷ་བསམ། དུས་བཀག་བཙོན་འཇུག་ལོ་༣། ༨༽ བསོད་མགོན། དུས་བཀག་བཙོན་འཇུག་ལོ་༣ བཅས་ཡིན་པ་རེད།།