བོད་མི་མང་པོ་ཞིག་དྲྭ་ཐོག་ནས་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་ལྟ་ཀློག་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ ནས་བཟུང་དམིགས་བསལ་བོད་ནང་དུ་བོད་མི་མང་པོ་ཞིག་དྲྭ་ཐོག་ནས་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་ལྟ་ཀློག་བྱས་པ་དང་། བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་གནས་ཚུལ་ལྐོག་ལྟ་བྱེད་ཀྱི་ཡོད་པའི་ཉེས་མིང་འོག་འཛིན་བཟུང་མང་པོ་ཞིག་བྱས་ཡོད་པ་བརྗོད་འདུག
ཕྱི་ཚེས་༡༣ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་པར་བརྗོད་འདུག་ལ། དེ་བཞིན་འགྲོ་བ་མིིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་(Human Rights Watch)ཡིས། བོད་ནང་དུ་ཡོད་པའི་བོད་མི་ཚོའི་ཁ་པར་ནང་ཆབ་སྲིད་དང་འབྲེལ་བའི་པར་རིགས་དང་། གཞན་བོད་ཕྱི་ཕྱོགས་སུ་ཡོད་པའི་སྤུན་མཆེད། ཆབ་སྲིད་སྐོར་གྱི་གནས་ཚུལ་སོགས་བཞག་ཚེ་རྒྱ་ནག་གཞུང་གི་ཉེན་རྟོག་པས་གློ་བུར་དུ་ཁ་པར་འཕྲོགས་ནས་སྔོག་བཤེར་བྱེད་ཀྱི་ཡོད་པར་བརྗོད་འདུག ཕྱི་ལོ་༢༠༢༡ ནས་ད་བར་གནས་ཚུལ་དེ་འདྲ་ཁྱོན་༦༠ ལྷག་བྱུང་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་གནས་ཚུལ་དེ་རྣམས་གསང་བ་བྱེད་པ་ལས་ཕྱིར་བསྒྲགས་བྱེད་ཀྱི་མེད་པར་བརྟེན། དོན་དངོས་སུ་དོན་རྐྱེན་དེ་འདྲ་ད་བར་ག་ཚོད་བྱུང་ཡོད་མེད་ལབ་ཐུབ་རྒྱུ་ཁག་པོ་ཡིན་པར་བརྗོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཁ་པར་ནང་དུ་(Anti-Fraud)ཟེར་བའི་མཉེན་ཆས་དེ་བཙན་གྱིས་ཕབ་ལེན་བྱེད་འཇུག་གི་ཡོད་འདུག་ཅིང་། མཉེན་ཆས་དེའི་བརྒྱུད་ནས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད་འདུག
རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཉམས་ཞིབ་བྱེད་མཁན་(Maya Wang)ཟེར་བ་དེས། བོད་ནང་དུ་རྒྱ་ནག་གཞུང་གི་བཙན་བཀའི་འོག་བོད་མི་ཚང་མས་མཉེན་ཆས་དེ་ཁ་པར་ནང་ཉར་དགོས་ཀྱི་ཡོད་པ་དང་། མཉེན་ཆས་དེས་ཁ་པར་བདག་པོ་སུ་ལ་སྐད་ཆ་ཤོད་ཀྱི་ཡོད་མེད་དང་། སྐད་ཆ་ག་རེ་ཤོད་ཀྱི་ཡོད་མེད། ས་གནས་ག་པར་ཁ་པར་གཏོང་གི་ཡོད་མེད་སོགས་ཆ་ཚང་གཞུང་གིས་ལྟ་ཐུབ་ཀྱི་ཡོད་འདུག་པས། ད་ཆར་བོད་ནང་དུ་ཁ་པར་ཚང་མ་གཞུང་གི་ལག་ཆ་ལྟ་བུ་གྱུར་ཡོད་པར་བརྗོད་འདུག ད་དུང་ཁོང་གིས་དེ་སྔོན་བོད་མི་ཞིག་གིས་སྐད་འཕྲིན་ཚོགས་པའི་ནང་༧གོང་ས་མཆོག་དགུང་གྲངས་༨༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་ཤེས་རྟོགས་བྱུང་ནས་བོད་མི་དེ་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་པར་བརྗོད་འདུག རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་སུ་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་དང་། བོད་དང་རྒྱ་ནག་གཉིས་བར་གྱི་ཆབ་སྲིད་ཀྱི་གནད་དོན། རྒྱ་གཞུང་གིས་བོད་ཡིག་མེད་པ་བཟོ་བཞིན་ཡོད་པ་དང་འབྲེལ་བའི་གནས་ཚུལ། རྒྱ་གཞུང་ལ་མི་དགའ་བའི་མཆན་སོགས་ཀྱི་གནས་ཚུལ་རིགས་ཤེས་རྟོགས་བྱུང་ཚེ་བོད་མི་དེ་དག་འཛིན་བཟུང་བྱེད་ཀྱི་ཡོད་པར་བརྗོད་འདུག ཕྱི་ལོ་༢༠༢༠ ནས་བཟུང་བོད་ནང་དུ་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་དང་འབྲེལ་བའི་དྲྭ་ཚིགས་མང་པོ་ཞིག་སྒོ་བརྒྱབ་ཡོད་འདུག་ཅིང་། ཕྱི་ལོ་༢༠༢༤ ཟླ་བ་༤ པའི་ནང་བོད་ནང་ཧ་ཅང་ཁྱབ་ཆེན་པོ་ཡོད་པའི་ལུག་ཚང་གི་དྲྭ་ཚིགས་སྒོ་བརྒྱབ་བཅུག་པའི་སྐོར་བརྗོད་འདུག
ཕྱི་ལོ་༢༠༢༢ ལོར་བོད་ནང་དྲྭ་ཚིགས་བཟོ་མཁན་བུམ་པ་རྒྱལ་ཟེར་བའི་བོད་མི་ཞིག་འཛིན་བཟུང་བྱས་ནས་ཁ་གསལ་མེད་པར་ཁྲིམས་འགལ་བྱས་ཡོད་ཚུལ་བརྗོད་ནས་ལོ་༧ ཙམ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་པ་དང་། ཁོང་གིས་དུས་རྒྱུན་བོད་ཡིག་དྲྭ་ཚིགས་རིགས་གསར་བཟོ་བྱེད་ཀྱི་ཡོད་འདུག་ཅིང་། གལ་སྲིད་སྐྱོན་ཤོར་ཚེ་བཟོ་བཅོས་རྒྱག་པ་སོགས་ཀྱི་རོགས་རམ་བྱེད་ཡོད་འདུག་ཀྱང་། རྒྱ་གཞུང་གིས་ཉེས་མིང་འདྲ་མིན་བཏགས་ནས་ཁོང་བཙོན་འཇུག་བྱས་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༢༡ ལོར་བོད་པའི་གྲྭ་པ་༤ མཉེན་ཆས་འདྲ་མིན་བེད་སྤྱོད་བྱས་ཏེ་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་ཚུལ་བརྗོད་ནས་མི་ལོ་༢༠ རིང་བཙོན་འཇུག་བྱས་ཡོད་པར་བརྗོད་འདུག་པ་དང་། སྐབས་དེ་དུས་འགྲོ་བ་མིའི་ལྟ་ཞིབ་ཚོགས་པའི་ངོས་ནས་དེ་དག་གི་སྐོར་སྙན་ཐོ་ཞིག་བཏོན་ཡོད་པར་བརྗོད་འདུག
བོད་ནང་གི་བོད་མི་འཛིན་བཟུང་བྱེད་པ་སོགས་ཀྱི་སྐོར་གནས་ཚུལ་ཤེས་རྟོགས་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན་པ་དང་། ཤེས་རྟོགས་ཕྲན་བུ་བྱུང་བ་ནི་ཕྱི་ལོ་༢༠༢༤ ལོར་ལྷ་སར་ཡོད་པའི་སེ་རྭ་དགོན་པའི་གྲྭ་པ་བློ་གསལ་ཟེར་བ་རང་ལོ་༣༨ ཡིན་མཁན་ཞིག་གིས་བོད་ནང་གི་གནས་ཚུལ་ཕྱི་ཕྱོགས་སུ་བཏང་། བཙན་བྱོལ་ནང་དུ་ཡོད་པའི་གསར་ཁང་ཁག་གིས་གནས་ཚུལ་དེ་བཏོན་ཡོད་པའི་རྐྱེན་གྱིས་ཁོང་རྒྱ་གཞུང་གིས་འཛིན་བཟུང་དང་། རྡུང་རྡེག་ཚད་མེད་བཏང་ནས་མཐར་ཕྱི་ལོ་༢༠༢༤ ཟླ་བ ༥ ནང་གྲོངས་ཡོད་པར་བརྗོད་འདུག
བོད་ནང་དུ་རྒྱ་ནག་གིས་དྲྭ་རྒྱའི་ཐོག་དམ་དྲག་བྱེད་བཞིན་པ་དེ་གསར་པ་གང་ཡང་མིན་པ་དང་། ཕྱི་ལོ་༢༠༠༨ ལོ་ནས་དམ་དྲག་དེ་དག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་དྲྭ་ཐོག་ཏུ་གནས་ཚུལ་འདྲ་མིན་སྤེལ་གྱི་ཡོད་མེད་ལྟ་མཁན་སོ་པ་མང་པོ་བཞག་ཡོད་པས། སོ་པ་དེ་དག་གིས་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱས་ན་གཞུང་ནས་དངུལ་སྤྲོད་ཀྱི་ཡོད་པར་བརྗོད་འདུག
དེ་བཞིན་ཕྱི་ལོ་༢༠༢༢ ལོ་ནས་བཟུང་དྲྭ་ཐོག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་པོ་ཞིག་ལ་དམ་དྲག་ཆེན་པོ་བྱེད་འགོ་བཙུགས་ཡོད་འདུག་ཅིང་། དགོན་པ་དང་ཆོས་ལུགས་ཀྱི་མི་སྣ་མཐོ་གྲས་ཚོ་ལས་གཞན་སྤྱི་ཚོགས་དྲྭ་རྒྱ་བེད་སྤྱོད་བཏང་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་འཇུག་གི་མེད་པར་བརྗོད་འདུག དམིགས་བསལ་སྐྱ་བོ་ཚོས་བཙན་བྱོལ་ནས་བཟོས་པའི་ཆོས་ཕྱོགས་དང་འབྲེལ་བའི་བརྙན་རིགས་སྤྱི་ཚོགས་དྲྭ་རྒྱའི་ཐོག་རྒྱུད་སྐུལ་བྱེད་རྒྱུ་ལ་ཧ་ཅང་གིས་དམ་དྲག་བྱེད་ཀྱི་ཡོད་པར་བརྗོད་འདུག ད་ཆར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དང་མི་མཐུན་པའི་སྤྱི་ཚོགས་དྲྭ་རྒྱའི་ཁྲིམས་མང་པོ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པར་བརྗོད་འདུག་ལ། ལོ་རེ་ནས་ལོ་རེར་ཁྲིམས་ལུགས་དེ་དག་དམ་དུ་གཏོང་གི་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
