བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་དང་དཔལ་ལྡན་ཚོགས་གཙོའི་གསུང་བཤད།

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༠ ཉིན་གྱི་ཞོགས་པར་ཉིན་གྲངས་བརྒྱད་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་།

པར། བོད་མིའི་སྒྲིག་འཛུགས།

ཚོགས་འདུའི་ལས་རིམ་གསུམ་པར་དཔལ་ལྡན་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ཟླ་གསུམ་པའི་ནང་སྔོན་རྩིས་གྲོས་ཚོགས་དང་། ཕྱི་ཟླ་༩ པའི་ནང་། ལས་བསྡོམས་ཀྱི་གྲོས་ཚོགས་ཞེས་ལོ་ངོ་གཅིག་གི་ནང་། གྲོས་ཚོགས་ཐེངས་གཉིས་ཚོགས་ཀྱི་ཡོད་པ་དང་། ཐེངས་འདིའི་གྲོས་ཚོགས་ནང་ལས་ཉིན་མང་བ་དེ་འཛིན་སྐྱོང་གི་ལས་བསྡོམས་ཐོག་ལ་གཏོང་རྒྱུ་ཡིན་པ་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ། ཁོང་གིས་ཕྱི་ཟླ་༧ པའི་ནང་། བོད་མིའི་ཆོས་ཚོགས་ཐེངས་༡༥ ཚོགས་པའི་སྐབས། ཆོས་བརྒྱུད་རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་སྐུ་ཚབ། ཚོགས་ཞུགས་པ་ཁྱོན་༡༥༠ ལྷག་གིས་༧གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་ཡོད་པ་དང་། ༧གོང་ས་མཆོག་ནས་༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པར་ཚོགས་བཅར་བ་ཡོངས་ནས་སྤྱི་མོས་ཀྱིས་རྒྱབ་སྐྱོར་གྲོས་ཆོད་བཞག་ཡོད་པ།

ཕྱི་ལོ་༢༠༢༥ ཟླ་༧ ཚེས་༦ ཉིན། ཧྤ་རན་སི་དང་དབྱིན་ཡུལ་སོགས་རྒྱལ་ཁབ་བདུན་གྱི་ཡུ་རོབ་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ནས་༧གོང་ས་མཆོག་གི་ཡང་སྲིད་ཐད་ཕྱི་ནས་ཐེ་བྱུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ་ཡོད་པ་སོགས། ༧གོང་ས་མཆོག་གི་ཡང་སྲིད་རྒྱུན་མཐུད་ཕེབས་རྒྱུ་དེ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཆགས་ཡོད་པ་དང་། རྒྱ་གཞུང་གིས་དེར་ཐེ་བྱུས་བྱས་ན་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་གྱི་ཡོད་པ་གསལ་པོ་ཆགས་ཡོད་པ་གསུངས་སོང་།

རྒྱ་གཞུང་གིས་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དང་འབྲེལ། ཁོང་གིས་རྒྱ་ནག་གི་དཔོན་རིགས་ཚོ་ཆེད་བཅར་ཐོག ཉེ་ཆར་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་༦༠ འཁོར་པ་ཟེར་བའི་རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་བསྒྲུབ་རྒྱུའི་བྱེད་སྒོ་ཞིག་སྤེལ་ཡོད་པ་དང་། ཕྱི་ཟླ་༨ ཚེས་༢༠ ཉིན། རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་བོད་ལ་ཡོང་དུས། ས་གནས་བོད་མི་ཚོ་ལ་དམ་དྲག་དང་སྐུལ་མ་བྱས་ནས་དགའ་བསུ་ཤུགས་ཆེན་ཞུ་བཅུག་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས། མངའ་རིས་དང་གཞིས་ཀ་རྩེ། ལྷོ་ཁ་དང་ཀོང་པོ་སོགས་སུ། རྒྱ་ནག་གི་དཔོན་རིགས་འགའ་ཕྱིན་ནས་དམར་ཤོག་ཚོགས་པའི་ལོ་རྒྱུས་སྒྲོག་སྦྱང་དང་། རྒྱ་སྐད་ཤུགས་ཆེ་བེད་སྤྱོད་གཏོང་དགོས་པའི་གཏམ་བཤད་སྤེལ་བ། ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་སོགས་བོད་ནང་བོད་ཡིག་བཀོད་སྤྱོད་བྱེད་པར་དང་དྲག་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད་པ། རྒྱ་གཞུང་གིས་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པའི་རྣམ་པ་ཤུགས་ཆེན་འདོན་བཞིན་ཡོད་པར་བརྟེན། ང་ཚོས་རྒྱལ་སྤྱིའི་ནང་། བོད་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་མ་ཡིན་པ། རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ། རྒྱལ་སྤྱིའི་ཐོག་ནས་དེར་དོ་སྣང་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྣམ་པ་ཤུགས་ཆེ་རུ་འདོན་རྒྱུ་གལ་ཆེན་ཡིན་པ་གསུངས་སོང་།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༩ པ་དེ་ཉི་ཧོང་དུ་ཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་༢༩ ཡི་གྲོས་ཚོགས་འཐུས་མི་མཉམ་ཞུགས་དང་། ཚོགས་བཅར་པ་ཁྱོན་༡༥༠ ཙམ་དངོས་སུ་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་ཏུ་གྲོས་ཆོད་བཞག་པ་སོགས། བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་མ་ཡིན་པ། བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་། སྐད་ཡིག་དང་རིག་གཞུང་བཅས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་ཡོད་པ་རང་བཞིན་གྱིས་གསལ་པོ་ཆགས་ཡོད་པ། རྒྱལ་སྤྱིའི་ནང་འབྲེལ་བ་འཇོག་རྒྱུ་དང་བོད་དོན་ཐོག་དོ་སྣང་ཤུགས་ཆེ་རུ་ཡོང་ཐུབ་རྒྱུར། རྒྱུན་དུ་འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་ཀྱིས་གནང་བཞིན་པ་ལྟར། མུ་མཐུད་ཤུགས་སྣོན་རྒྱག་གལ་ཆེ་བ་གསུངས་སོང་།

མཐར་ཁོང་གིས་ཐེངས་འདིའི་ཚོགས་འདུའི་ཐོག་ལས་ཁུངས་ཁག་གི་ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར། དེ་བཞིན་ཁྲིམས་བཟོའི་ལས་དོན་ཁག་ཅིག་དང་། གྲོས་ཆོད་ཁག་ཅིག་ཕེབས་ཀྱི་ཡོད་པ། གཞུང་འབྲེལ་མྱ་ངན་གུས་འདུས་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སོགས་ཕེབས་ཀྱི་ཡོད་པ་སོགས་གསུངས་སོང་།།

གསར་འགོད་པ། བློ་བཟང་རྒྱ་མཚོ།