བོད་མི་ཚོང་ལས་པར་ཧིན་སྒོར་བྱེ་བ་གཅིག་གི་བྱ་དགའ་གནང་སོང་།

བཙན་བྱོལ་ནང་བོད་མིའི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་རོགས་སྐྱོར་ལས་གཞིའི་འོག བདེ་སྐྱིད་གླིང་གཞིས་ཆགས་སུ་ཡོད་པའི་བོད་མི་ཚོང་ལས་པ་གཉིས་ལ་ཧིན་སྒོར་བྱེ་བ་གཅིག་གི་བྱ་དགའ་ཐོབ་སོང་བ་དང་། ཁོང་གཉིས་ཀྱིས་བཟོ་གྲྭའི་ནང་དུ་ལས་མི་མང་དུ་གཏོང་བ་དང་གླ་ཆ་ཡག་ཏུ་གཏོང་ཐབས་གང་ཡོང་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།

ཟླ་༡༠ པའི་ཚེས་༢༥ ཉིན་དྷ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་དང་བོད་པའི་གསར་གཏོད། དབྱིན་ཡུལ་བོད་ཁང་བཅས་མཉམ་འབྲེལ་འོག བོད་མིའི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་རོགས་སྐྱོར་ལས་གཞིའི་འོག་ཧིན་སྒོར་བྱེ་བ་གཅིག་སྤྲད་རྒྱུའི་ཆེད་དུ་ལས་འཆར་གྱི་འགྲན་སྡུར་ཁྲོད། བྱ་དགའ་ཐོབ་མཁན་གསལ་བསྒྲགས་བྱས་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་དང་དྲུང་ཆེ་ཡེ་ཤེས་དབང་མོ། བོད་པའི་གསར་གཏོད་འགན་འཛིན་དོན་ཟུར་ཐུབ་བསྟན་བསམ་གྲུབ་བཅས་ཕེབས་སོང་།

དེ་ཡང་ཟླ་༤ པའི་ཚེས་༢ ཉིན་ལས་གཞི་དེའི་འོག བཙན་བྱོལ་བོད་མིའི་ཁྲོད་དུ་ལས་འཆར་འགྲན་སྡུར་གསལ་བསྒྲགས་བྱས་ཡོད་པ་དང་། རྗེས་སུ་ཁྱོན་བསྡོམས་སྙན་ཞུ་འབུལ་མཁན་༤༣ བྱུང་འདུག འདེམས་སྒྲུག་བརྒྱུད་རིམ་ནང་ཚོགས་ཆུང་གསུམ་བསྐོ་གཞག་བྱས་ཏེ། ཚོགས་ཆུང་དང་པོས་སྙན་ཞུ་ཞིབ་འཇུག་བྱས་ཡོད་པ་དང་། ཚོགས་ཆུང་གཉིས་པས་མཐའ་མའི་ཚོང་ལས་པ་བཅུ་འདེམས་སྒྲུག་བྱས་རྗེས། མཐའ་མ་དེར་རྒྱ་གར་བ་བོད་མིིའི་གནས་སྟངས་ལ་རྒྱུས་མངའ་ཡོད་མཁན་ཆེད་ལས་པ་གཉིས་དང་བོད་མི་བསྟན་འཛིན་གསལ་སྒྲོན་བཅས་གསུམ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ནས། ཚོང་ལས་པ་རྣམས་ཀྱི་འཆར་གཞི་ཕུལ་བར་ཞིབ་འཇུག་བྱས་ཏེ།  ཚོགས་མི་གསུམ་པོས་སྤྱི་མོས་ཐོག་ནས་བདེ་སྐྱིད་གླིང་གཞིས་ཆགས་ནས་ཡིན་པའི་ཚོང་པ་སྐལ་ལྡན་ཆོས་འཕེལ་དང་། ཚོང་རོགས་ངག་དབང་ཚུལ་ཁྲིམས་གཉིས་ལ་བྱ་དགའ་སྤྲད་རྒྱུ་ཐག་གཅོད་བྱས་པ་ཡིན་འདུག 

དེ་ཡང་ཁོང་གཉིས་ཀྱིས་བདེ་སྐྱིད་གཞིས་ཆགས་སུ་ཕྲེང་བ་དང་ལག་ཤེས་བཟོ་བཀོད། ཤེལ་གྱི་དཔེ་རིས་འགྲན་མིན་བཟོ་བསྐྲུན་དང་ཚོང་འགྲེམས་བྱེད་ཀྱི་ཡོད་འདུག་པ་དང་། ད་ལྟའི་ཆར་བོད་མི་༣༢ ཙམ་ལ་ལས་ཀའི་གོ་སྐབས་བསྐྲུན་བཞིན་འདུག ཁོང་གཉིས་ཀྱིས་ཚོང་ལས་ཁང་དེར་རྒྱལ་སྤྱིའི་ཁྲོམ་རའི་ནང་འགྲན་སྡུར་བྱེད་ཐུབ་པའི་གདེང་ཚོད་ཡོད་པས། དེ་སྔོན་ཡིན་ན་བཙན་བྱོལ་བཟོ་ལས་ཐོན་རྫས་(Exile Creation) ཞེས་པའི་མིང་ཐོག་ནས་ཚོང་ལས་གཉེར་གྱི་ཡོད་པ་དང་། ལས་འཆར་འགྲན་སྡུར་ཆེད་དུ་(padma Jewels) ཞེས་པའི་མིང་སྤྲད་ཡོད་ཀྱང་། མིང་དེ་བེད་སྤྱོད་བྱེད་མཁན་ཚོང་ལས་ཁང་གཞན་ཡོད་པའི་སྐད་ཆ་འདུག་པས། མ་འོངས་པར་ཚོང་ལས་ཁང་གི་མིང་འགྱུར་བ་འགྲོ་སྲིད་ཀྱང་། ཚོང་རྟགས་ཡོད་པའི་ཚོང་ལས་ཁང་ཞིག་ཆགས་ཐབས་ཀྱི་ལས་འཆར་དང་། ད་ལྟའི་ཆར་བཟོ་གྲྭའི་ནང་ལས་ཀ་བྱེད་མཁན་༣༢ ལྷག་ཡོད་པའི་ཁོངས་ནས་མངོན་དགའ་སློབ་གྲྭའི་སློབ་མ་དང་། སློབ་གྲྭ་མུ་མཐུད་འགྲིམས་མི་ཐུབ་མཁན་སོགས་གཞོན་སྐྱེས་གཙོས་རང་ལོ་༢༢ ནས་༥༠ བར་གྱི་བོད་མི་ཤ་སྟག་ཡིན་འདུག ཁོང་གཉིས་ཀྱིས་འཆར་གཞི་གསར་པའི་ནང་ལས་ཀའི་གོ་སྐབས་མང་དུ་གཏོང་རྒྱུ་དང་། ད་ལྟའི་ཆར་ལས་བྱེད་རྣམས་ལ་གླ་ཆ་ཡག་པོ་ཡོད་ཀྱང་། འཚོ་བའི་མཐུན་རྐྱེན་ཡག་ཏུ་གཏོང་ཆེད་གླ་ཆ་ཡག་ཏུ་གཏོང་ཐབས་བྱེད་རྒྱུ་ཡིན་སྐོར་གསུངས་སོང་། དེ་བཞིན་མངོན་དགའ་སློབ་གྲྭ་ནས་ཡིན་པའི་དྭ་ཕྲུག་གཅིག་ལ་ཁོང་གཉིས་ཀྱིས་ལས་ཀ་སྤྲད་ནས། ད་ལྟའི་ཆར་བོད་མི་དགུན་ཚོང་རྒྱག་མཁན་ཚོར་དངུལ་གཡར་ཐུབ་མཁན་དེ་འདྲ་ཆགས་པའི་གྲུབ་འབྲས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་སོང་།

ལས་གཞི་དེའི་ཆེད་དཔལ་འབྱོར་མཁོ་སྒྲུབ་བྱེད་མཁན་བོད་པའི་གསར་གཏོད་ཚོགས་པའི་འགན་འཛིན་ཐུབ་བསྟན་བསམ་གྲུབ་ཀྱིས། ལས་གཞི་དེ་ནི་༧གོང་ས་མཆོག་གི་བཀའ་སློབ་གནང་བ་ལྟར། གཞིས་ཆགས་ཁག་གི་གནས་སྟངས་རྒྱུས་ལོན་བྱས་ཏེ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་གཞོན་སྐྱེས་རྣམས་གླ་ཆ་ཡག་པོ་ཡོད་པའི་ལས་ཀའི་གོ་སྐབས་བསྐྲུན་ནས། གྲོང་ཁྱེར་ཆེ་ཁག་ཏུ་འགྲོ་མི་དགོས་པ་བཟོས་ནས་གཞིས་ཆགས་སྲ་བརྟན་ཡོང་ཆེད་ཡིན་པ་དང་། ད་ལྟའི་ཆར་བོད་པས་བོད་པར་རོགས་རམ་བྱེད་པའི་དུས་ལ་སླེབས་ཡོད་སྐོར་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེས་ཐུབ་བསྟན་བསམ་གྲུབ་ཀྱི་ལོ་རྒྱུས་དང་བོད་དོན་ཆེད་ལས་ཀ་གང་བྱས་ཡོད་པའི་ངོ་སྤྲོད་གནང་རྗེས། དེ་སྔོན་བདེ་སྐྱིད་གླིང་དུ་འགྲོ་སྐབས་དེ་རིང་བྱ་དགའ་ཐོབ་མཁན་གྱི་བཟོ་གྲྭར་འགྲོ་རྒྱུ་བྱུང་ཡོད་པ་དང་། ཆ་རྐྱེན་ནི་ཡུ་རོབ་ཁུལ་གྱི་བཟོ་གྲྭ་ལྟ་བུ་ཡག་པོ་ཡོད་པ་དང་། དེའི་ནང་ལས་ཀ་བྱེད་མཁན་མི་རེ་རེའི་ལོ་རྒྱུས་གོ་སྐབས་སེམས་འགུལ་ཐེབས་པ་བྱུང་ཡོད་པ། བོད་མི་ཚོས་ཁ་ནས་ཙམ་མིན་པར་ཐུབ་བསྟན་བསམ་གྲུབ་ལྟ་བུ་ལག་ལེན་ལ་ཡང་འཁེལ་བ་བྱས་ཏེ། བོད་མིའི་སྤྱི་ཚོགས་ལ་ཕན་ཐོགས་ཡོང་བའི་ལས་དོན་སྤེལ་དགོས་སྐོར་དང་། བྱ་དགའ་མ་ཐོབ་པའི་ཚོང་ལས་པ་རྣམས་སེམས་ཤུགས་ཆག་མི་ཉན་པར། བོད་མིའི་སྒྲིག་འཛུགས་ཀྱི་ཚོང་ལས་ཡར་ཐོན་རམ་འདེགས་ལས་གཞིའི་འོག་ཏུ་ལས་གཞི་ཁག་ཅིག་ཡོད་པ་དང་། མ་འོངས་པར་ཡང་ཐེངས་འདིའི་རོགས་དངུལ་ལྟ་བུའི་ལས་གཞི་ཡོང་ཐབས་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།

དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་གསར་འགོད་པའི་དྲི་བའི་ལན་དུ། མཐའ་མའི་འདེམས་སྒྲུག་ཚོགས་ཆུང་ནང་རྒྱ་གར་ཆེད་ལས་པ་གཉིས་སྐད་བཏང་དགོས་དོན་ནི། གཅིག་ནས་བོད་མིའི་སྤྱི་ཚོགས་ཆུང་ཆུང་ཡིན་པས་འདེམས་སྒྲུག་ཚོགས་མི་བོད་མི་ཡིན་ཚེ། ཕན་ཚུན་ངོ་ཤེས་པ་སོགས་ཡོང་སྲིད་པའི་སྐད་ཆ་འདྲ་མིན་ཡོང་སྲིད་པས། དེ་འདྲ་མི་ཡོང་ཆེད་དང་། དེ་བཞིན་རྒྱ་གར་བ་དེ་གཉིས་ཀྱང་དཔལ་འབྱོར་ལས་ཁུངས་ཀྱི་ལས་གཞི་ཁག་ལ་རྒྱུས་མངའ་དང་། བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་ཡོད་མཁན་ཡིན་སྐོར་ལན་འདེབས་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།