བོད་མི་ཞིག་གིས་རང་བཙན་ལས་འགུལ་སྤེལ་ནས་ཉིན་༥༥ ཕྱིན་འདུག

ཨ་རི་ལ་གནས་བཞུགས་བོད་རང་བཙན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ཀྱིས་བོད་རང་བཙན་ཁུངས་སྐྱེལ་དང་རྒྱབ་སྐྱོར་འཚོལ་ཆེད་ཀྱི་ལས་འགུལ་སྤེལ་ནས་ཉིན་གྲངས་༥༥་ཕྱིན་ཡོད་འདུག

ཁོང་གི་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལས་འགུལ་དེ་ནི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་སའི་མངའ་སྡེ་པན་སི་ཝེ་ནེ་ཡའི་ཧྥི་ལ་ཌ་ཧྥེ་ཡར་ཡོད་པའི་རང་བཙན་ཚོགས་ཁང་ཆེན་མོའི་(Independence Hall) མདུན་དུ་ལོ་འདིའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༤ པའི་ཉིན་ནས་འགོ་བཙུགས་ཡོད་པ་མ་ཟད།

 ལོ་གཅིག་རིང་གི་བདུན་ཕྲག་རེར་ཉིན་ལྔ་རེ་དང་ཉིན་རེར་ཆུ་ཚོད་གཉིས་རེའི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད་འདུག

ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་ཁག་བཞི་ཡོད་འདུག་པ་ལས་དང་པོ་ནི་བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པས། བོད་དུ་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་དང་། བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་གནང་རོགས་ཞེས་དང་། གཉིས་པ་ནི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ། གསུམ་པ་ནི་བོད་མིའི་རང་དབང་སྒེར་ལངས་དང་། རང་ལུས་མེར་སྲེག་གིས་གཙོས་བོད་དོན་འཐབ་རྩོད་ཀྱི་དགོས་འདུན་དང་། རྩ་དོན་གཙོ་བོ་གང་ཡིན་པའི་སྐོར་ཨ་རིའི་གྲོས་ཚོགས་ནས་ཉན་ཞིབ་བརྒྱུད། བོད་མིའི་རྩ་དོན་ངོ་མ་དེ་འགྲུབ་པར་ཨ་རིའི་གཞུང་མང་གིས་བདེན་རྒྱབ་གནང་རོགས་ཞེས་པ་དེ་ཡིན་ཞིང་། བཞི་པ་ནི་རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག མན་ཇུ་བཅས། ལོ་རྒྱུས་ཐོག་རང་བཙན་ཡིན་པའི་རྒྱལ་ཁབ་བཞི་ལ་བཙན་འཛུལ་དང་། ཨ་རི་གཙོས་པའི་རྒྱལ་ཁབ་གཞན་གྱི་གསང་བ་རྐུ་འཁྱེར་དང་། སིམ་འཛུལ་གྱིས་རྒྱལ་སྤྱིའི་རང་དབང་དམངས་གཙོ་དང་། བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པས། རྒྱལ་སྤྱིའི་གཞུང་དང་མང་ཚོགས་ནས་རྒྱ་ནག་གི་བཙན་འཛུལ་རྒྱ་སྐྱེད་ཀྱི་ཉེན་ཁ་ལ། ངེས་པར་དོ་ཁུར་དང་འགོག་གནོན་དགོས་པ་བཅས་ནི་ཁོང་གི་ལོ་གཅིག་ཧྲིལ་པོའི་ལས་འགུལ་གྱི་དགོས་འདུན་ཆགས་ཡོད་འདུག

ཁོང་གིས་ལས་འགུལ་འགོ་བཙུགས་ནས་ཉིན་གཉིས་པར་ཁོང་ཉིད་ལས་འགུལ་སྤེལ་ས་ལ་སླེབས་སྐབས། རྒྱ་མི་ཞིག་གིས་པར་ཆས་ཁུར་ནས་ཁོང་ལ་སྒུག་བསྡད་ཡོད་པ་དང་། རྒྱ་མི་དེས་ཁྱེད་རང་བོད་པ་ཡིན་ནམ། བོད་ལ་རང་དབང་ཡོད་མ་རེད་དམ། རྒྱ་ནག་ལ་རང་དབང་ཡོད་རེད། ཨ་རི་སྡུག་ཅག་རེད། ཁྱེད་རང་གི་ལས་འགུལ་དེ་སྤེལ་བ་ཡིན་ན་བོད་དང་རྒྱ་ནག་གཉིས་ལ་ཡག་པོ་ཡོང་གི་མ་རེད། ཁྱེད་རང་བོད་ལ་འགྲོ་མྱོང་ཡོད་དམ་ཟེར་ནས་བརྙས་བརྐོ་འགོ་བཙུགས་པ་དང་། ས་གནས་ཉེན་རྟོག་པ་སླེབས་ནས་དཀའ་ངལ་ཡོད་མེད་སྐད་ཆ་དྲིས་པ་དང་། ཛ་དྲག་ཡོད་ན་འབྲེལ་བ་གནང་ཤོག ང་ཚོས་ཁྱེད་རང་ལ་བལྟས་ནས་བསྡད་ཡོད་ཅེས་བརྗོད་ཡོད་འདུག

ཁོང་གིས་ལས་འགུལ་སྤེལ་འགོ་བཙུགས་ནས་ཟླ་བ་གཉིས་ཕྱིན་པའི་རྗེས་སུ་ཁོང་གི་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁོང་གིས”ད་བར་ཟླ་བ་གཉིས་རིང་ལས་འགུལ་སྤེལ་བའི་བརྒྱུད་རིམ་ཁྲོད། ས་གནས་ཡུལ་མི་དང་། ཡུལ་སྐོར་སྤྲོ་འཁྱམ་པ་སོགས་ལ། གཙོ་བོ་ཡིག་ཆ་འགྲེམས་སྤེལ་དང་ངག་ཐོག་ནས་འགྲེལ་བཤད་སོགས། བོད་རང་བཙན་ཁུངས་སྐྱེལ་གྱི་བོད་དོན་གོ་རྟོགས་གང་ལེགས་སྤེལ་ཐུབ་སོང་།”ཞེས་བཀོད་འདུག་ལ། ལས་འགུལ་གྱི་ཉིན་༥༣ པའི་སྐབས་ཁོང་གིས” ཕྱི་ཟླ་ལྔ་པའི་ཚེས་ཉེར་ལྔའི་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ (Michael Tucker) མཆོག་གི་འབྲེལ་མཐུད་པ་དང་མཇལ་འཕྲད་ཞུས་ཏེ། བོད་དོན་ཞུ་གཏུགས་ལས་འགུལ་གྱི་དགོས་འདུན་ཞུ་འབུལ་གྱིས་རྒྱབ་སྐྱོར་ཡོང་བ་ཞུས་པ་དང་མཉམ་དུ། བོད་རང་བཙན་ལས་འགུལ་གྱི་ཡིག་ཆ་ཁག་ཀྱང་ཕུལ་ཐུབ་པ་བྱུང་སོང་།”ཞེས་ངོ་དེབ་ཐོག་སྤེལ་འདུག

གཞན་ཡང་ཟླ་འདིའི་ཚེས་༢༩ ཉིན་ཏེ་ཨ་རིའི་དཔའ་བོ་རྗེས་དྲན་གྱི་ཉིན་མོར་རྒྱལ་གཅེས་པ་ཐུབ་བསྟན་ཆོས་ཉིད་ཀྱི་བོད་རང་བཙན་ཁུངས་སྐྱེལ་དང་རྒྱབ་སྐྱོར་འཚོལ་ཆེད། ལོ་གཅིག་རིང་གི་ལས་འགུལ་གྱི་ཉིན་༥༥ ཡང་འཁོར་ཡོད་པས། ཨ་རི་ནིའུ་ཡོག་ནས་རྒྱལ་གཅེས་རང་བཙན་ལས་འགུལ་པ་ཚོས་ཧྥི་ལ་སྒྲལ་ཧྥེ་ཡར་ཨ་རིའི་རང་བཙན་ཚོགས་ཁང་(Philadelphia’s Independence Hall) གི་མདུན་དུ། ཁོང་ལ་རྒྱབ་སྐྱོར་དང་ཆེ་བསྟོད་ཆེད་གཟེངས་རྟགས་ཤིག་ཕུལ་ཞིང་ལས་འགུལ་ནང་མཉམ་ཞུགས་ཀྱང་བྱས་ཡོད་འདུག

འདས་པའི་ཟླ་བ་གཉིས་ལྷག་གི་རིང་ཁོང་གིས་ཉིན་༥༥ རིང་ལས་འགུལ་སྤེལ་ཡོད་འདུག་ལ་སྐབས་རེར་ས་གནས་བོད་མི་དག་གིས་ཀྱང་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།