བོད་མི་སྐྱབས་བཅོལ་བ་སྦེལ་རྗམ་ནས་ཕྱིར་འགྲོ་དགོས་སྐོར་བརྗོད་འདུག

སྦེལ་རྗམ་དུ་སྐྱབས་བཅོལ་ཡིག་ཆ་མ་རག་པའི་དཀའ་ངལ་འཕྲད་ཡུལ་བོད་མིའི་ཚོགས་གཙོ་སྨོན་ལམ་གྲགས་པ་ལ་བཅར་འདྲི།
དྲི་བ། ༢༠༡༣ ལོའི་མཇུག་ནས་སྦེལ་རྗམ་ནང་གི་བོད་མི་མང་པོ་ཞིག་ལ་སྐྱབས་བཅོལ་རག་མིན་གྱི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་དེ་ད་ལྟ་ག་འདྲ་འདུག
ལན། ང་ཚོར་ལོ་སྔོན་མའི་ལོ་མཇུག་(2013-09-01) ནས་དཀའ་ངལ་འཕྲད་པ་རེད། ད་ལྟ་དཀའ་ངལ་འཕྲད་བཞིན་པའི་བོད་མི་སུམ་བརྒྱ་ནས་བཞི་བརྒྱའི་བར་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད། ང་ཚོ་དང་ཐད་གར་ཁ་པར་ཐོག་ནས་འབྲེལ་བ་ཡོད་པའི་མི་གྲངས་༣༠༠ ལྷག་ཙམ་ཡོད། དེའི་ནང་ནས་མི་གྲངས་༡༥༠ ལྷག་ཅིག་ལ་སྦེལ་རྗམ་སྐྱབས་བཅོལ་ལས་ཁུངས་ཀྱིས་སྐྱབས་བཅོལ་སྤྲོད་ཀྱི་མིན་པ་ཐག་བཅད་ཚར་བ་རེད། ཡིན་ནའང་ཁོ་ཚོ་ཚང་མས་བསྐྱར་དུ་ང་ཚོར་སྐྱབས་བཅོལ་ཐོབ་ཐང་ཡོད་ཟེར་ནས་ཁྲིམས་ཐོག་ནས་ཞུ་གཏུག་བྱེད་ཀྱི་ཡོད། འདི་ནི་ང་ཚོའི་གོ་སྐབས་ཆེས་མཐའ་མ་དེ་རེད། ད་ལྟ་དེའི་ནང་ནས་ཀྱང་མི་གྲངས་༣༠ ནས་༤༠ ལྷག་ཅིག་ལ་ཁྲིམས་ཐོག་ནས་ཀྱང་སྐྱབས་བཅོལ་མི་སྤྲོད་རྒྱུའི་ཐག་གཅོད་བྱས་ཏེ། སྦེལ་རྗམ་རྒྱལ་ཁོངས་ནས་ཕྱིར་འགྲོ་དགོས་པའི་བཀའ་རྒྱ་འབྱོར་གྱི་འདུག སྔོན་མ་ཞིག་ལ་ཡང་སྦེལ་ལྗམ་དུ་བོད་མི་མང་པོ་ཞིག་ལ་སྐྱབས་བཅོལ་མ་རག་པའི་དཀའ་ངལ་བྱུང་འདུག སྐབས་དེར་ཁོ་ཚོའི་རིགས་ལ་སྐྱབས་བཅོལ་གྱི་ཐོབ་ཐང་མེད་ནའང་། ས་གནས་སུ་སྡོད་ཆོག་པ་དང་ལས་ཀ་ལས་ཆོག་པའི་ཡིག་ཆ་ཞིག་ཡོད་པ་རེད། ཡིན་ནའང་། ད་ལྟ་ང་ཚོར་དེ་འདྲ་ཡང་ཡོད་པ་མ་རེད། སྔོན་མ་དང་བསྡུར་ན་ད་ལྟ་དཀའ་ངལ་ཧ་ཅང་ཆེན་པོ་རེད།
དེ་མིན་ལོ་འདིར་བཟའ་ཟླའི་མིང་ཐོག་ནས་ཡོང་མཁན་དང་། ཆབ་སྲིད་བཙོན་པ་བོད་གཞུང་གི་རྒྱབ་གཉེར་ཡག་པོ་ཡོད་མཁན། དེ་མིན་ལོ་བདུན་བརྒྱད་ཀྱི་རིང་ལ་ལས་ཀ་ལས་ནས་རྒྱལ་ཁབ་ལ་ཁྲལ་ཡག་པོ་སྤྲད་ཡོད་པའི་བོད་མི་གསུམ་བཞི་ཞིག་ལ་སྐྱབས་བཅོལ་རག་ཡོད་པ་རེད། དེ་ནི་དམིགས་བསལ་རེད། གཞན་བོད་མི་ཡིན་པ་ཙམ་གྱིས་ཡིག་ཆ་མི་སྤྲོད་པའི་གནས་སྟངས་ཤིག་གི་སྒང་ལ་འགྲོ་བཞིན་པ་རེད།

དྲི་བ། སྦེལ་རྗམ་སྐྱབས་བཅོལ་ལས་ཁུངས་ཀྱིས་ཁྱེད་ཚོར་སྐྱབས་བཅོལ་ཐོབ་ཐང་མི་འདུག་ཟེར་བའི་རྒྱུ་མཚན་གཙོ་བོ་ག་རེ་རེད་དམ།
DSC_0716ལན།  ང་ཚོར་དཀའ་ངལ་འཕྲད་པ་ནས་སྦེལ་རྗམ་བོད་མིའི་སྐུ་ཚབ་དོན་གཅོད་སྦེལ་ལྗམ་གཞུང་གི་འབྲེལ་ཡོད་ལས་ཁང་ཁག་ལ་བཅར་འདུག སྐབས་དེར་སྐྱབས་བཅོལ་ལས་ཁུངས་ཀྱིས་ལན་གནང་བ་རྣམས་༢༠༡༤ ཟླ་༠༣ ཚེས་༢༧ ཉིན་སྐུ་ཚབ་དོན་གཅོད་ཀྱིས་ཡིག་ཐོག་ནས་དོན་ཚན་༦ ཅན་ཞིག་ང་ཚོར་གནང་བྱུང་། དེའི་ནང་ལ་“༡༽ ཕྱི་ལོ་༢༠༡༣ ཟླ་༩ ཚེས་༡ ནས་སྦེལ་རྗམ་གཞུང་གི་སྐྱབས་བཅོལ་གྱི་ཁྲིམས་གཞི་ཨང་༤༨།༥ དང་༤ བཅས་ལ་འགྱུར་བ་ཕྱིན་པ་ལ་བརྟེན་ནས། ཕ་ཡུལ་ངོ་མ་ནས་ཡོང་བའམ་རྒྱལ་ཁབ་གཉིས་པ་ཞིག་ནས་ཡོང་བ་གང་ཞིག་ལ་སྲུང་སྐྱོབ་ཆ་རྐྱེན་ཡོད་མེད་སོགས་ཀྱི་གནས་སྟངས་དཔྱད་ཞིབ་བྱ་དགོས་པའི་ཆ་ནས་དཀའ་ངལ་འདི་བྱུང་རེད། ༢༽ རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ཀྱི་གནས་སྟངས་སྐོར་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ཙམ་མིན་པར་ཁུངས་ལྡན་ཞིབ་བརྩད་ཡོང་ཁུངས་མང་དག་ཅིག་ཡོད་པ་ལ་བརྟེན་ནས་ཉེ་ལམ་ཐག་གཅོད་དེ་འདྲ་བྱུང་བ་ཞིག་རེད།” ཅེས་འཁོད་འདུག
དེ་མིན་ང་ཚོ་མི་རེ་རེ་ལ་སྐྱབས་བཅོལ་ལས་ཁུངས་ཀྱིས་སྐྱབས་བཅོལ་མི་སྤྲོད་པའི་རྒྱུ་མཚན་ཡིག་ཐོག་ནས་སྤྲད་ཀྱི་ཡོད་རེད། དེ་ཚོའི་ནང་ལ་ཡང་ཚང་མར་གཅིག་གྱུར་དུ་ཡོད་པའི་རྒྱུ་མཚན་གཙོ་བོ་དེ་ཁྱེད་རང་ཚོར་རྒྱ་གར་ནང་དཀའ་ངལ་མི་འདུག རྒྱ་གར་གཞུང་གི་སྲུང་སྐྱོབས་འདུག བོད་ལ་སློག་གི་མི་འདུག ཁྱེད་རང་ཚོར་RCདང་IC འདུག་ཟེར་གྱི་ཡོད་རེད། དེ་ནས་ཁྲིམས་ཁང་ནས་ཀྱང་ང་ཚོར་ཁྱེད་རང་ཚོ་རྒྱ་གར་ལ་ཕར་ལོག་ན་དཀའ་ངལ་མི་འདུག་ཟེར་གྱི་ཡོད་རེད། དེས་མ་ཚད་བོད་ནང་ལ་ལོག་ན་ཡང་དཀའ་ངལ་མི་འདུག དེང་སྐབས་བོད་ནང་ལ་༸གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པ་དང་། གྲྭ་བཙུན་ཚོར་དཀའ་ངལ་ཡོད་པ་ལས་མི་སྐྱ་ཚོར་དཀའ་ངལ་མི་འདུག་ཟེར་གྱི་འདུག གནད་དོན་འདིའི་ཐོག་ནས་བལྟས་ན་གསལ་པོ་ཆགས་ཀྱི་འདུག གང་ལྟར་ང་ཚོའི་དཀའ་ངལ་འཕྲད་སའི་གནད་དོན་གཙོ་བོ་དེ་སྦེལ་རྗམ་གཞུང་ལ་སྦེལ་རྗམ་གྱི་“ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ཙམ་མིན་པར་ཁུངས་ལྡན་ཞིབ་བརྩད་ཡོང་ཁུངས་མང་དག་ཅིག་”ལ་བརྟེན་ནས་རྒྱ་གར་དུ་ང་ཚོར་དཀའ་ངལ་མེད་པའི་གནས་ཚུལ་ཞིག་བྱུང་བ་དེ་རེད། དེ་མིན་ཁྲིམས་ལུགས་ལ་འགྱུར་བ་ཕྱིན་པ་དེ་ནི་སྐྱབས་བཅོལ་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ཡིན་པ་ལས། བོད་མི་རྣམས་ལ་དམིགས་བསལ་ཞིག་མ་རེད། རེད་དེ་རྒྱལ་ཁབ་གཞན་པའི་སྐྱབས་བཅོལ་བ་རྣམས་ལ་ང་ཚོར་འཕྲད་པ་ལྟ་བུའི་དཀའ་ངལ་ཞིག་འཕྲད་ཀྱི་མི་འདུག
དེ་མིན་ད་དུང་དཀའ་ངལ་འཕྲད་གཞི་གཞན་ཞིག་ཡོད་པ་ནི་ང་ཚོ་བོད་མི་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་གྱིས་འདི་ནས་སྐྱབས་བཅོལ་ལས་ཁུངས་ལ་གནས་ཚུལ་དྲང་པོ་བཤད་རྒྱུ་མང་དྲགས་ནས། སོ་སོ་ལ་ཡོད་པའི་ཡིག་ཆ་RC དང་IC དང་PIN CARD & ADAR CARD སོགས་ཡོད་ཚད་སྤྲོད་ཀྱི་ཡོད་པ་དང་། RC དང་IC མེད་མཁན་ཚོས་ཀྱང་མེད་པ་ཁུངས་སྐྱེལ་རྒྱབ་གཉེར་དོན་གཅོད་བརྒྱུད་ནས་བླངས་ཏེ་སྤྲད་ཀྱི་ཡོད་པ་དེ་ཚོ་ལ་ཡང་ཐུག་འདུག་སྙམ་པའི་ཚོར་བ་བྱུང་།
དྲི་བ། དཀའ་ངལ་དེའི་སྐོར་ས་གནས་དོན་གཅོད་དང་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་བྱེད་ཀྱི་ཡོད་རེད་དམ།
ལན། ཡོད་དང་ཡོད། ང་ཚོའི་སྐྱབས་གནས་ངོ་མ་ནི་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཁག་རེད། ང་ཚོས་གནས་ཚུལ་ཚང་མ་དཔལ་ལྡན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་བཅས་སུ་ཡིག་ངག་གཉིས་ཐོག་ནས་སྐྱབས་འཇུག་ཞུ་བཞིན་ཡོད། ད་དུང་ཡུ་རོབ་སྤྱི་འཐུས་རྣམ་པ་གཉིས་དང་། བོད་རིགས་ཚོགས་པ་ལ་ཡང་འབྲེལ་བ་ཞུ་བཞིན་ཡོད། ལྷག་པར་དུ་ས་གནས་སྐུ་ཚབ་དོན་གཅོད་ནི་ང་ཚོའི་རྒྱུན་ལྡན་གྱི་རེ་སྐུལ་དང་སློབ་སྟོན་ཞུ་ས། གྲོས་བསྡུར་ཞུ་ས་གཙོ་བོ་དེ་ཡིན།

དྲི་བ། ཁྱེད་རང་ཚོས་བོད་གཞུང་ལ་རེ་སྐུལ་གཙོ་བོ་ག་རེའི་སྒང་ལ་ཞུ་ཡི་ཡོད་རེད།
DSC_0927ལན། ད་ལྟ་ང་ཚོར་རྒྱ་གར་ནང་དཀའ་ངལ་མི་འདུག་ཟེར་ནས་འདིར་དཀའ་ངལ་འཕྲད་ཀྱི་ཡོད་རེད། དེ་ཡང་སྦེལ་རྗམ་གྱི་“ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ཙམ་མིན་པར་ཁུངས་ལྡན་ཞིབ་བརྩད་ཡོང་ཁུངས་མང་དག་”ག་འདྲ་ཞིག་ཡིན་མིན་འདིའི་ཐད་ནས་སྦེལ་རྗམ་གཞུང་ལ་འགྲེལ་བཤད་ཡག་པོ་གནང་རོགས་ཞུས་པ་ཡིན། དེ་ནི་ང་ཚོ་མི་སྒེར་རེ་རེ་ལ་དཀའ་ངལ་འདི་དང་དེ་ཡོད་རེད་ཟེར་ནས་འགྲེལ་བཤད་གནང་རོགས་ཟེར་གྱི་ཡོད་པ་མ་རེད་ལ། རྒྱ་གར་ནང་ལ་དཀའ་ངལ་མེད་པ་ཞིག་ལ་དཀའ་ངལ་ཡོད་རེད་ཅེས་གསུང་དགོས་པའི་རེ་སྐུལ་དེ་བས་ཀྱང་ཞུ་ཡི་ཡོད་མ་རེད། བོད་གཞུང་གིས་ཁེ་ན་ཌ་དང་ཨོ་སེ་ཁྲུ་ལེ་ཡ་བཅས་སུ་RC དང་IC སོགས་ཡོད་མཁན་སྟོང་ཕྲག་སྟོང་ཕྲག་གཏོང་གི་ཡོད་རེད། དེ་བཞིན་ཨ་རི་ལ་བོད་མི་ལྔ་སྟོང་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་རེད། དེ་ཚོ་ཚང་མ་དཀའ་ངལ་ཞིག་གི་འོག་ནས་གཏོང་གི་ཡོད་དུས། ང་ཚོ་ཡང་དཀའ་ངལ་དེའི་ཁོངས་སུ་ཡོད་པའི་ངོས་འཛིན་དང་འགྲེལ་བཤད་གནང་རོགས་ཞུ་ཡི་ཡོད། དེའི་ཐོག་ནས་ང་ཚོར་ཨང་དང་པོ་སྦེལ་རྗམ་རྒྱལ་ཁོངས་ནས་སྐྱབས་བཅོལ་རག་པ་ཞིག་གནང་རྒྱུ་དེ་རེད། དེ་གཏན་ནས་མ་བྱུང་ན་ང་ཚོ་རྒྱལ་ཁབ་གཞན་པ་ཞིག་ལ་སྐྱབས་བཅོལ་དུ་གཏོང་རྒྱུར་དགོངས་བཞེས་གནང་རོགས་ཞུ་ཡི་ཡོད། གང་ཡིན་ཟེར་ན་ང་ཚོ་འདི་ནས་སྐྱབས་བཅོལ་ལ་ཐོ་བཀོད་ཚར་བའི་རྗེས་སུ་རྩིས་འཕྲུལ་ནང་ལ་མཛུམ་མོ་ཚང་མ་པར་རྒྱག་དགོས་རེད། དེའི་རྐྱེན་པས་ང་ཚོ་མི་སུ་གཅིག་ལ་ཡང་ཡུ་རོབ་རྒྱལ་ཁབ་གང་ལ་སོང་ན་སྐྱབས་བཅོལ་བའི་མདུན་ལམ་མེད་པ་རེད། འདི་ནི་ང་ཚོར་འདམ་ང་མེད་པའི་གནས་སྟངས་ཤིག་རེད།

དྲི་བ། དེར་བོད་མི་རེ་ཟུང་མ་ཡིན་པར། མི་མང་པོའི་དཀའ་ངལ་ཡིན་པ་མ་ཟད། དེར་འདུག་རྒྱུར་ཡང་དཔྱ་ཁྲལ་ཚང་མ་སྤྲད་པའི་ཐོག་ནས་སྐྱབས་བཅོལ་ལེན་དགོས་ཀྱི་ཡོད་པ་དང། བོད་གཞུང་དང་འབྲེལ་བ་ཆེན་པོ་ཡོད་པས། རྒྱབ་སྐྱོར་ག་འདྲ་འདུག
ལན། “བུ་ཕྲུག་ངུ་ལ་ཕ་མ་”ཟེར་བ་བཞིན་ངུ་ས་འབོད་ས་ཚང་མ་བོད་གཞུང་ཁོ་ན་ལས་ཡོད་པ་མ་རེད་ལ། བོད་གཞུང་གི་ངོས་ནས་ཀྱང་ཐུགས་ཁུར་ཆེན་པོ་གནང་གི་འདུག ང་ཚོས་ཡར་སྐྱབས་འཇུག་ཞུས་པ་ནས་ཐོག་དང་པོ་བཀའ་སྤྱི་སོ་སོ་དང་། བཀའ་སྤྱི་མཉམ་འཛོམས་བཅས་ཀྱི་ཐོག་ནས་ང་ཚོའི་དཀའ་ངལ་སྐོར་ལ་བགྲོ་གླེང་ཐེངས་མང་གནང་འདུག ལམ་སྟོན་ཡང་གནང་བྱུང། གྲོས་ཚོགས་ནང་ལ་ཡང་སླེབས་ཙམ་བྱུང་སོང་། ས་གནས་སུ་ལས་དོན་གཞན་དག་གི་ཞོར་ལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་དང་། དེ་མིན་སྤྱི་འཐུས་ཚོགས་གཞོན་གྱིས་དབུ་ཁྲིད་པའི་སྐོར་བསྐྱོད་ཚོགས་ཆུང་ཡང་འབྱོར་སོང། ཁོང་རྣམ་པས་ཐུགས་ཁུར་ཆེན་པོ་གནང་གི་འདུག ལྷག་པར་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཁྱེད་རང་ཚོའི་དཀའ་ངལ་དེ་སྣང་མེད་དང་ཡ་མེད་གཏོང་གི་མ་རེད། དཀའ་ངལ་དེ་གཞུང་གིས་གཟིགས་དགོས་པ་དང་། ནམ་ཞིག་ལ་དཀའ་ངལ་སེལ་བའི་རེ་བ་ཡང་ཡོད་པ་རེད་ཅེས་གསུངས་བྱུང་།
དེ་མིན་ས་གནས་དོན་གཅོད་ཀྱི་ངོས་ནས་ཀྱང་གང་བྱེད་རྒྱུ་ཡོད་པ་དེ་གནང་གི་འདུག ཡིན་ནའང་། ང་ཚོ་མི་མང་གི་རེ་བ་ལ། ང་ཚོར་དཀའ་ངལ་འཕྲད་རྐྱེན་ངོ་མ་དེའི་སྐོར་ལ་ད་དུང་བོད་གཞུང་གི་ངོས་ནས་བསྐྱར་ཞིབ་དང་། ཐུགས་སྣང་ཆེན་པོ་གནང་དགོས་པ་ཞིག་མཐོང་གི་ཡོད། ང་ཚོས་ཐོག་དང་པོ་གནས་ཚུལ་འདིའི་སྐོར་བོད་གཞུང་གིས་གསལ་པོ་ཤེས་ཀྱི་ཡོད་པར་ངོས་འཛིན་བྱས་པ་ཡིན་མོད། རྗེས་སུ་ཕྱི་དྲིལ་བཀའ་བློན་མཆོག་ས་གནས་སུ་ཕེབས་འབྱོར་གྱིས་བཀའ་སློབ་གནང་ཡོང་དུས། ད་དུང་བོད་གཞུང་གིས་ང་ཚོའི་དཀའ་ངལ་དེའི་རྐྱེན་རྩ་ངོ་མ་དེ་ངོས་འཛིན་གསལ་པོ་ཞིག་གནང་གི་ཨེ་ཡོད་ན་བསམ་པའི་ཚོར་བ་ཞིག་མི་མང་ནང་བྱུང་ཡོད་པ་རེད། དེར་བརྟེན་རྗེས་སུ་སྤྱི་འཐུས་རྣམས་པ་ཕེབས་སྐབས་ང་ཚོས་དཀའ་ངལ་གྱི་རྐྱེན་རྩ་ངོ་མ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་མིན་སྐོར་གསལ་བཤད་ནན་མོ་ཞུས་པ་ཡིན་ལ། ས་གནས་ཀྱི་དཀའ་ངལ་དངོས་ཡོད་གནས་ཚུལ་ཡང་འགྲེལ་བཤད་གསལ་པོ་ཞུས་པ་ཡིན།
ང་ཚོ་མི་རེ་རེ་བྱས་ནས་སྦེལ་རྗམ་སྐྱབས་བཅོལ་ལས་ཁུངས་དང་ཁྲིམས་ཁང་གི་ཉན་ཞིབ་ལ་འགྲོ་ཡི་ཡོད་རེད། ཁྲིམས་རྩོད་པའི་སར་བཅར་གྱི་ཡོད་རེད། དེ་མིན་ང་ཚོར་སྐྱབས་བཅོལ་མི་སྤྲོད་པའི་རྒྱུ་མཚན་ཡིག་ཐོག་ནས་འབྱོར་གྱི་ཡོད་རེད། དེར་བརྟེན་ང་ཚོས་དཀའ་ངལ་འདིའི་རྐྱེན་རྩ་ངོས་འཛིན་བྱེད་ཐུབ་ཀྱི་འདུག གསལ་པོ་འདུག ང་ཚོའི་དཀའ་ངལ་དེ་དོ་བདག་སོ་སོའི་གནས་ཚུལ་དྲང་པོ་མ་བཤད་པས་ལན་པ་ཞིག་རེད་མདོག་མདོག་གསུང་མཁན་འདུག དེ་ནི་དྲང་པོ་ཞུས་ན་བདེན་པ་མ་རེད། སྐད་ཆ་དེ་དང་འདྲ་བ་ད་དུང་སོ་སོས་བཟོས་པའི་ཆང་དེ་ཞིམ་པོ་ཡོད་ན་མེད་ན་སོ་སོས་འཐུང་དགོས་རེད་མདོག་མདོག་ཡང་ཐོན་གྱི་འདུག སྐད་ཆ་དེ་ཚོའི་རྒྱབ་ལྗོངས་ན་ག་རེ་ཡོད་མེད་བསམ་བློ་གཏོང་ཤེས་ཀྱི་མི་འདུག གང་ལྟར་ང་ཚོའི་དཀའ་ངལ་གྱི་རྐྱེན་རྩ་ངོ་མ་ངོས་འཛིན་དོན་དངོས་ལ་གནང་རྒྱུ་དང་། དེ་ནས་སྤྱི་འཐུས་ཚོགས་གཞོན་ལགས་ཀྱི་བཀའ་མོལ་བཞིན་གཞུང་གིས་འབངས་མིར་བདག་པོ་གནང་རྒྱུ་ནི་གལ་ཆེན་ཞིག་མཐོང་གི་འདུག
འདི་ནས་བོད་གཞུང་ལ་དཔྱ་ཁྲལ་ཡང་ས་གནས་སུ་འབྱོར་ནས་ལོ་གཅིག་མ་འཁོར་བའི་སྔོན་ནས་སྤྲོད་དགོས་ཀྱི་འདུག་ལ། རྒྱ་གར་ནས་སྤྲད་ཟིན་ན་ཡང་འདི་ནས་ཡང་བསྐྱར་ས་གནས་ཀྱི་འགྲོ་སྟངས་ལྟར་སྤྲོད་དགོས་པ་ཡང་འདུག

དྲི་བ། དཀའ་ངལ་འཕྲད་ཡུལ་ལ་བོད་མི་ཚོར་ཁྱད་པར་འདྲ་ཡོང་གི་འདུག་གམ།  
ལན། དཀའ་ངལ་འཕྲད་ས་ལ་ཁྱད་པར་ཞིག་ཡོད་པ་མ་རེད། བོད་མི་ཞིག་ཡིན་པ་ཙམ་གྱིས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། རྒྱ་གར་ནས་སྐྱེས་པ་དང་བོད་ནས་སྐྱེས་པ་ཚང་མ་གཅིག་པ་རེད།

དྲི་བ། ད་ལྟ་སྐྱབས་བཅོལ་ཡིག་ཆ་མ་ཡིན་པའི་དཀའ་ངལ་ཆེ་ཤོས་དེ་ག་རེ་རེད་འདུག
ལན། འགྲོ་ས་སྡོད་ས་མེད་པ་དེ་རེད། འདི་ནས་སྐྱབས་བཅོལ་ལས་ཁུངས་དང་ཁྲིམས་ཁང་བཅས་ནས་སྐྱབས་བཅོལ་མི་སྤྲོད་རྒྱུའི་ཐག་བཅད་རྗེས། སྦེལ་རྗམ་གཞུང་གིས་ང་ཚོར་གནས་སྐབས་ཀྱི་གཟིགས་རྟོག་ཏོག་ཙམ་ཡོད་པ་ཚང་མ་ཕྱིར་བསྡུ་བྱས་ནས་རྒྱལ་ཁོངས་ནས་ཕྱིར་ཐོན་དགོས་པའི་བཀའ་རྒྱ་འབྱོར་གྱི་ཡོད་རེད། དེ་ནས་འགྲོ་ས་སྡོད་ས་མེད་མཁན་མང་པོ་ཡོད་རེད། དེ་དཀའ་ངལ་ཆེན་པོ་རེད། ཐོག་མར་དཀའ་ངལ་འདི་ལ་གདོང་ལེན་མི་ཐུབ་མཁན་གྱི་སེམས་པ་ཆུང་ཆུང་ཡང་འདུག ཁོང་ཚོའི་གྲས་ཐོག་མར་སྲོག་གཅོད་རྒྱུའི་ཚོར་བ་ཡང་སྐྱེས་རབས་བཤད་ཀྱི་འདུག་ལ། བོད་གཞུང་དང་སྦེལ་རྗམ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡིན་བཤད་མཁན་ཡང་བྱུང་བ་རེད། ད་དུང་དཀའ་ངལ་དེའི་རྐྱེན་པས་ཆང་ཚོད་མེད་འཐུང་མཁན་དང་། ཐ་མ་རིགས་འདྲ་མིན་འཐུང་མཁན་ཡང་བྱུང་སྲིད་པའི་གནས་ཚུལ་ཐོན་པ་རེད། དོན་གཅོད་དང་བོད་རིགས་ཚོགས་པ། ཡུ་རོབ་སྤྱི་འཐུས་རྒན་ཐུབ་བསྟན་དབང་ཆེན་སོགས་ཀྱིས་འདི་སྐོར་ཚང་མ་མཁྱེན་གྱི་རེད་ལ་བཀའ་སློབ་ལམ་སྟོན་ཡང་གནང་བྱུང། ང་ཚོས་དཀའ་ངལ་གཞན་ཞིག་གི་ཐད་ལ་སེམས་ཁུར་དང་ཞེད་སྣང་སྐྱེས་ཀྱི་འདུག དེ་ནི་འདིར་འབྱོར་བའི་མི་ཚང་མ་ཧིན་སྒོར་འབུམ་བཅུ་ཕྲག་སྐྱེན་ཁའི་བུ་ལོན་བྱས་ནས་ཡོང་མཁན་ཏག་ཏག་རེད། སྐྱབས་བཅོལ་མ་རག་དུས་ལས་ཀ་རག་གི་མ་རེད་ལ་འགྲོ་ས་སྡོད་ས་ཡང་ཁག་པོ་ཆགས་པ་རེད། དེར་བརྟེན་དཀའ་ངལ་འདྲ་མིན་འཕྲད་སྲིད་པ་རེད། གནས་ཚུལ་ཚང་མ་སྤྱི་འཐུས་རྣམ་པར་ཞུས་ཡོད།

དྲི་བ། ཁྱེད་རང་ཚོའི་ངོས་ནས་དཀའ་ངལ་དེ་སེལ་བར་ཐབས་ལམ་ཡག་ཤོས་ག་རེ་མཐོང་གི་འདུག
ལན། ཐབས་ལམ་ཡག་ཤོས་བོད་གཞུང་གིས་གཞུང་འབྲེལ་གྱི་ལས་དོན་ཞིག་ལ་ངོས་འཛིན་གྱིས་ཐུགས་ཁུར་གནང་རྒྱུ་དེ་རེད་བསམ་གྱི་ཡོད། དེའི་ཐོག་ནས་གཞུང་དང་གཞུང་གི་བར་བཀའ་མོལ་གྱིས་ཐབས་ལམ་འཚོལ་རྒྱུ་དེ་རེད། དེ་ཡང་མི་མང་སུམ་བརྒྱ་ནས་བཞི་བརྒྱའི་བར་གྱི་སྐྱབས་བཅོལ་གྱི་གནད་དོན་ཞིག་ཡིན་དུས། འགྲོ་ཞོར་འདུག་ཞོར་ཙམ་མ་ཡིན་པར། གཞུང་འབྲེལ་གྱི་ཐོག་ནས་ག་རེ་གནང་རྒྱུ་ཡོད་མེད་སྐོར་སྦེལ་རྗམ་གཞུང་དང་བཀའ་མོལ་ཞུ་རྒྱུ་ཡང་ཡོད་ཀྱི་རེད་བསམ་གྱི་འདུག ང་ཚོའི་དཀའ་ངལ་འདི་རྒྱལ་ཁབ་གཞན་དག་གི་དཀའ་ངལ་དང་གཏན་ནས་འདྲ་ཡི་མ་རེད། གང་ཡིན་ཟེར་ན་བོད་པ་ཡིན་པ་ཙམ་གྱིས་སྐྱབས་བཅོལ་ལས་ཁང་གིས་ཐ་ན་དྲི་བ་ཡང་ཏོག་ཙམ་ལས་མི་དགོས་པར་ཡིན་ཤག་ཤག་ལྟ་བུའི་སྒོ་ནས་ཐག་གཅོད་གནང་བ་ཞིག་རེད། དེ་མིན་སྐྱབས་བཅོལ་མ་རག་མཁན་ཁྱེད་ཚོ་གཅིག་པུ་མ་རེད། སྔོན་ནས་ཡོད་རེད། གཞན་ན་ཡང་ཡོད་རེད་གསུངས་ནས་བཞག་ན། མི་མང་བློ་ཕམ་པ་དང་རེ་ཐག་ཆད་པ། འུ་ཐུག་པ་དང་ཐབས་མེད་པར་གྱུར་ནས་ཕྱིས་འབྱུང་གི་གཞུང་དང་འབངས་མི་བར་ཀྱི་ཆིག་སྒྲིལ་དང་དམ་ཚིག་ལ་གནོད་པའི་གནས་ཚུལ་ཡང་ཡོང་མི་སྲིད་པ་མ་རེད་སྙམ་པའི་ཞེད་སྣང་ཡོད།

དྲི་བ། ཁྱེད་རང་ཚོར་དེ་ན་དཀའ་ངལ་ཡོད་པའི་མི་མང་གི་ཚོགས་པའི་རྒྱུན་ལས་ཀྱིས་རྒྱུན་དུ་ལས་ཀ་ག་རེ་ལས་ཀྱི་ཡོད་རེད།
ལན། ང་ཚོས་གཞུང་དང་མི་མང་གི་བར་ལ་འབྲེལ་མཐུད་ཀྱི་ལས་ཀ་གཙོ་བོ་བྱེད་ཀྱི་ཡོད་རེད། མི་མང་གིས་བསམ་ཚུལ་རྣམས་ང་ཚོས་གཞུང་ལ་ཡར་ཞུ་རྒྱུ་དང་། གཞུང་གི་ལམ་སྟོན་མི་མང་ལ་མར་བསྒྲགས་རྒྱུ། དེ་མིན་དམིགས་བསལ་དཀའ་ངལ་འཕྲད་ཡུལ་ཚོར་དགོས་ངེས་ཀྱི་རོགས་རམ་བྱེད་ཐབས། མི་མང་ནང་དཀྲོག་གཏམ་དང་ཀུན་སྤྱོད་ངན་པ་སྔོན་འགོག་བྱ་རྒྱུར་འགན་ཁུར་གང་ཐུབ་བྱེད་ཀྱི་ཡོད། གལ་ཆེའི་ལས་དོན་བྱུང་ན་མི་མང་གི་སྣེ་ཁྲིད་བྱེད་རྒྱུ་དེ་ཙམ་རེད། ཐུགས་རྗེ་ཆེ། གོང་གི་དྲིས་ལན་ཚང་མ་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་ཁུངས་ལུང་རྒྱུ་མཚན་ཡོད་པའི་ཐོག་ནས་བཤད་ཡོད། བོད་ཀྱི་གསར་འགོད་པ་གཞན་པ་ཚོས་ཀྱང་ང་ཚོ་དང་འདྲ་བའི་མི་མང་གི་ཉིན་རེའི་འཚོ་བ་དང་འབྲེལ་བའི་བདེ་སྡུག་གི་གནས་སྟངས་ལ་གཟིགས་ཐུབ་ན་ཡག་པོ་ཡོད་ས་རེད་སྙམ་པའི་རེ་སྐུལ་ཡང་ཞུ་གི་ཡོད།།
བོད་ཀྱི་བང་ཆེན་ཚགས་པར་སྤྱིའི་འདོན་ཐེངས་ ༤༩༦   ཕྱི་ལོ་ ༢༠༡༤/༦/༢༥ ཐོག་བཀོད།