བོད་མིའི་དཀའ་ངལ་དང་འབྲེལ་བའི་གནད་དོན་བཅུ་གསུམ་ཐོག་རོགས་རམ་གནང་རྒྱུའི་ཁས་ལེན།

ཟླ་འདིའི་ཚེས་༧ ཉིན་སྲིད་སྐྱོང་བློ་བཟང་སེང་དང་། ལ་དྭགས་བོད་མིའི་གཞིས་ཆགས་ཀྱི་ལ་སྤྱི་ཚེ་བརྟན་དབང་ཕྱུག བྱང་ཐང་འབྲེལ་མཐུད་པ་དོན་གྲུབ་རྒྱལ་པོ་བཅས་ཀྱིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཕེབས་ནས་སླེ་རྫོང་དཔོན་ལྕམ་ལ་ཝ་ས་(M.s Avny Lavasa) དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་གྱི་སྐུ་ཚབ་རྒྱལ་དབང་རྒྱལ་དང་།  འབྲེལ་མཐུད་པ་ཚེ་རིང་རྡོ་རྗེ། དེ་བཞིན་འབྲེལ་ཡོད་ལས་བྱེད་སོགས་ཚང་འཛོམས་ཐོག་ལ་དྭགས་སླེ་བྱང་ས་གནས་བོད་མིའི་དཀའ་ངལ་དང་འབྲེལ་བའི་གནད་དོན་བཅུ་གསུམ་ཐོག་མགྱོགས་མྱུར་ལག་བསྟར་མཇུག་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།

རྒྱ་གར་གྱི་འགན་འཛིན་རྣམ་པས། གནད་དོན་དེ་དག་ལས་ལག་བསྟར་ཐུབ་པ་རྣམས་དགའ་པོའི་ངང་ནས་མགྱོགས་མྱུར་ལག་བསྟར་གནང་རྒྱུའི་ཁས་ལེན་གནང་བ་དང་།  གནད་དོན་རིགས་གཅིག་དཔེར་ན་བྱང་ཐང་ས་ཁུལ་ནང་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ལས་འཆར་རོགས་དངུལ་ཐེར་འབུམ་༤༦༣་༩༥ གནང་བ་དེའི་སྐོར་གསལ་བཤད་གནང་སྐྱོང་ཡོང་བ་ཞུ་སྐབས། རྫོང་དཔོན་གྱིས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་དབུས་ངལ་སེལ་རོགས་སྐྱོབ་ཚན་པས་(Relief and Rehabilitation Committee) རོགས་དངུལ་གཏན་འབེབས་གནང་ཟིན་ཡང་། ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་གིས་བྱང་ཐང་ས་གནས་སུ་ཕེབས་ནས་རོགས་དངུལ་དེ་དག་ལས་གཞི་གང་དང་གང་གི་ཆེད་གཏོང་འཆར་ཡོད་པ་གསལ་རྟོགས་གནང་འདོད་གནང་བཞིན་ཡོད་པ་མ་ཟད། ལས་འཆར་ནང་གི་འཆར་གཞི་ཁག་གཅིག་རྒྱུན་གནས་ཐུབ་པ་ཞིག་མ་གཟིགས་པར་བརྟེན་དེར་འགྱུར་བ་བཏང་ཡོད་སྐོར་དང་།  དབུས་ནས་རོགས་དངུལ་གཏན་འབེབས་ཟིན་པ་དེ་དག་རྫོང་ལས་ཁུངས་སུ་འབྱོར་མཚམས་ལས་གཞི་ལག་བསྟར་གནང་རྒྱུར་གྲ་སྒྲིག་ཨང་གསར་ཡོད་སྐོར་གསུངས་འདུག

དེ་བཞིན་སླེ་དང་ཨག་ལིངྒ། ལྕོག་ལམ་སར་ས་ཁུལ་གྱི་བོད་མི་གནས་སྡོད་ཀྱི་ས་ཞིང་ལ་རྟོག་ཞིབ་ཟིན་ཡང་ད་བར་བྱང་ཐང་ས་གནས་སུ་རྟོག་ཞིབ་ཟིན་མེད་སྟབས་གང་མགྱོགས་གནང་སྐྱོང་ཡོང་བ་ཞུས་པ་དང་སྦྲགས།  སླེ་དང་ཨག་ལིངྒ། ལྕོག་ལམ་སར་བཅས་ཀྱི་བོད་མི་རྣམས་ལ་ས་ཞིང་བོགས་གཏོང་གི་གན་ཡིག་ད་བར་ཐོབ་མེད་སྟབས། མགྱོགས་མྱུར་གན་ཡིག་གནང་སྐྱོང་ཡོང་བ་ཞུས་འདུག་པ་དེར་རྫོང་དཔོན་གྱིས་བྱང་ཐང་ས་ཁུལ་ཁག་ལ་ས་ཆ་རྟོག་ཞིབ་གང་མགྱོགས་གནང་རྒྱུའི་ཁས་ལེན་གནང་འདུག

སྐབས་དེར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་སྐུ་ཚབ་རྒྱལ་དབང་རྒྱལ་གྱིས་ལྕོག་ལམ་སར་དང་སླེ་ས་ཁུལ་བོད་མི་རྣམས་ལ་ད་བར་ས་ཆ་(Κανναλσ) གྲངས་༦༨༡༠ གནང་ཡོད་༼ ཨེ་ཀར་གཅིག་ལ་ Κανναλσབརྒྱད་ཡོད།༽ ཁོངས་ནས་བོད་མི་ཚོས་ས་ཆ་(Κανναλσ) གྲངས་༡༡༤༡ བཙོངས་ཟིན་ཡོད་སྟབས། གནད་དོན་དེ་དག་ཧ་ཅང་ཚབས་ཆེན་པོ་ཞིག་ལ་བརྩིས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་རྟོག་ཞིབ་ཚོགས་ཆུང་ཞིག་འཛུགས་དགོས་པའི་བསམ་ཚུལ་བཏོན་པར་དཔལ་ལྡན་སྲིད་སྐྱོང་གིས་དེ་ལྟར་གནང་རྒྱུའི་ཁས་ལེན་གནང་།

སླད་ཕྱིན་ས་ཆ་ཉོ་ཚོང་དེ་རིགས་རྩ་བ་ནས་མི་ཡོང་བ་བྱེད་དགོས་པའི་ལམ་སྟོན་གནང་བ་ལྟར། ལ་སྤྱི་ནས་ས་ཆ་ཉོ་ཚོང་ལྟ་བུ་ཁྲིམས་འགལ་གྱི་བྱ་སྤྱོད་དེ་རིགས་འགོག་ཆེད་རྫོང་ལས་ཁུངས་དང་ས་གནས་ལ་སྤྱི་ལས་ཁུངས་གཉིས་ཀར་འགན་ཡོད་སྟབས་རབ་བྱུང་ན་རྫོང་ལས་ཁུངས་ནས་ཡུལ་མི་ཚོས་བོད་མི་སར་ནས་ས་ཆ་རྩ་བ་ནས་ཉོ་མི་ཆོག་པ་དང་། ལ་སྤྱི་ལས་ཁུངས་ངོས་ནས་བོད་མི་ཚོར་ས་ཆ་རྩ་བ་ཉིད་ནས་འཚོང་མི་ཆོག་པའི་བཀའ་རྒྱ་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་བརྒྱུད་བརྡ་ལན་ནན་ཏན་གནང་དགོས་པའི་བསམ་ཚུལ་བཏོན།

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༡ ལོར་སྲིད་སྐྱོང་གི་འགན་དབང་ཐོག་མར་བཞེས་སྐབས་ལ་དྭགས་སུ་ས་ཆ་ཉོ་ཚོང་གི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་རྗེས་བཀའ་ཤག་ནས་ད་བར་བོད་མི་ཚོར་ས་ཆ་ཉོ་ཚོང་རིགས་རྩ་བ་ཉིད་ནས་བྱེད་མི་ཆོག་པའི་ལམ་སྟོན་གནང་བཞིན་ཡོད་པ་དང་།  ཕྱི་ལོ་༢༠༡༦ ནས་བཟུང་ད་བར་ས་ཆ་ཉོ་ཚོང་བྱེད་མཁན་རིགས་གཅིག་ཀྱང་བྱུང་མེད་ཀྱང་སླད་ཕྱིན་བོད་མི་སུ་ཞིག་གིས་ས་ཆ་ཉོ་ཚོང་རིགས་བྱུང་ཚེ་ཁྲིམས་འགལ་གྱི་ཉེས་ཆད་ཇི་འདྲ་ཞིག་ཕོག་ཀྱང་བོད་མིའི་སྒྲིག་འཛུགས་ནས་རོགས་རམ་གང་ཡང་གནང་ཐུབ་ཐབས་མེད་སྐོར་བརྡ་ལན་ནན་པོ་གནང་ཟིན་སྐོར་ཞུས་པར་འགན་འཛིན་རྣམས་ཡིད་ཚིམ་པའི་རྣམ་འགྱུར་བསྟན། དེ་བཞིན་ལ་སྤྱིས་བྱང་ཐང་ས་ཁུལ་བོད་མི་འབྲོག་པ་རྣམས་ཀྱི་ས་ཆ་རྟོག་ཞིབ་གྲངས་ཐོ་བསྡུ་རུབ་གནང་དགོས་པ་དང་།  རྒྱ་གར་དབུས་གཞུང་གི་རོགས་རམ་ལས་གཞི་རྒྱ་སྐྱེད་གཏོང་ཐབས་དགོས་པ་དང་། ས་གནས་བོད་མིའི་མཉམ་འབྲེལ་ཚོགས་པར་དབུས་དང་མངའ་སྡེའི་གཞུང་གིས་རོགས་དངུལ་རོགས་སྐྱོར་གནང་དགོས་པ། རྒྱ་གར་རྒྱལ་ཡོངས་དངུལ་ཁང་བརྒྱུད་བུན་གཡར་ལས་གཞི་རྒྱ་ཆེ་རུ་གཏོང་དགོས་པ་དང་། བོད་མི་མཉམ་འབྲེལ་ལས་ཁུངས་སུ་དངུལ་བུན་གཡར་གནང་བ་བརྒྱུད་ས་གནས་བོད་མི་རྣམས་ཀྱི་འཚོ་རྟེན་ལས་གཞི་སྐྲུན་ཐབས་གནང་རོགས་ཞུས།

དེ་བཞིན་ཨག་ལིངྒ་གཞིས་ཆགས་ནང་གི་ལམ་ཁ་ཚད་ལྡན་བཟོ་རོགས་ཞུས་པར་རྫོང་ལས་ཁུངས་ནས་སྔོན་འགྲོའི་བྱེད་སྒོ་ཁག་གྲུབ་མཚམས་ལམ་ཁ་བཟོ་རྒྱུའི་ཁས་ལེན་གནང་། དེ་བཞིན་ཇ་མུ་ཀ་ཤི་མིར་མཐོ་སློབ་ནང་སྨན་ཞབས་དང་བཟོ་སྐྲུན་རིག་གནས་ལྟ་བུའི་རིག་གཅིག་རྐང་འཛིན་ཆེད་ལས་ས་མིག་གཉིས་བོད་མིར་གནང་རོགས་ཞུ་སྐབས་ད་ལྟའི་འཆར་བོད་མི་ལྟ་ཞོག་ལ་དྭགས་གཞོན་སྐྱེས་ཚོ་ལའང་དེ་ལྟར་མཐུན་རྐྱེན་མེད་ཀྱང་འབྱུང་འགྱུར་སླེ་རུ་མཐོ་སློབ་དེ་འདྲ་འཛུགས་ཐུབ་ཚེ་བོད་ཕྲུག་ཚོར་མཐུན་འགྱུར་གནང་རྒྱུ་ཡིན་སྐོར་གསུངས།

ལ་སྤྱིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་དེ་སྔ་གནང་ཟིན་པའི་ས་ཞིང་བཅས་ལ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སུས་ཀྱད་སུན་གཙེར་བཟོ་མི་ཆོག་པའི་སྐོར་ཞུས་པར་ཁས་ལེན་གནང་འདུག

དེ་བཞིན་ལ་སྤྱིས་བྱང་ཐང་ས་ཁུལ་མ་ཁྱུ་དང་ཆུ་ཤུལ་བོད་མི་རྣམས་སླེ་རུ་གནས་སྤོ་ཆོག་པའི་སྐོར་ཞུས་པ་དང་སྦྲགས་བོད་མི་དེ་དག་གཏན་སྡོད་བྱེད་སའི་སླེ་རུ་ས་ཆ་གནང་སྐྱོང་ཡོང་བ་ཞུས་པར་ད་ལྟའི་ཆར་སླེ་རུ་ས་ཆ་ཐོབ་རྒྱུ་ཕྲན་བུ་དཀའ་ཡང་ཐབས་ཤེས་གང་ཡོང་གནང་རྒྱུའི་ཁས་ལེན་གནང་།

དཔལ་ལྡན་སྲིད་སྐྱོང་གིས་བྱང་ཐང་ས་ཁུལ་སྤྱི་དང་ལྷག་པར་མ་ཁྱུ་བོད་མི་དེ་དག་རྩྭ་ཐང་འདང་ངེས་ཤིག་མེད་སྟབས་ཡུལ་མིའི་རྩ་ཐང་སྟེང་སྒོ་ཕྱུག་གསོ་སྐྱོང་བྱེད་དགོས་ཚེ་ཡུལ་མི་ཚོའི་སྒོ་ཕྱུག་རྣམས་འཚོ་དགོས་པར་སྟབས་བོད་མི་འབྲོག་པ་ཚོས་སོ་སོའི་སྒོ་ཕྱུག་ལས་ཡུལ་མིའི་སྒོ་ཕྱུག་མང་བ་དེ་དག་འཚོ་དགོས་པར་བརྟེན། དཀའ་ངལ་ཧ་ཅང་ཡོད་པ་སོགས་ལུང་འདྲེན་གནང་བ་མ་ཟད། བྱང་ཐང་འབྲེལ་མཐུད་པ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་མ་ཁྱུའི་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཞིབ་ཕྲ་གསལ་བཤད་གནང་བར་རྫོང་དཔོན་ནས་ཡུལ་མིའི་བྱེད་སྟངས་དེ་དག་ལ་རྟོག་ཞིབ་གནང་རྒྱུ་ཡིན་སྐོར་གསུངས།

དེ་བཞིན་ལ་སྤྱིས་བོད་མི་རྣམས་ལ་དབུས་སའི་རོགས་སྐྱོར་ལས་གཞི་རྣམས་ལག་བསྟར་གནང་སྐྱོང་ཡོང་བ་ཞུ་སྐབས་རྫོང་དཔོན་གྱིས་ལས་གཞི་ཁག་ཁ་གསལ་ཡོད་ཚེ་དེར་གཞིགས་པའི་མཇུག་སྐྱོང་གནང་རྒྱུ་ཡིན་སྐོར་གསུངས། དཔལ་ལྡན་སྲིད་སྐྱོང་གིས་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་༢༠༡༤ གཏན་འབེབས་ཟིན་པའི་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། སྤྱིར་རྒྱ་གར་གཞུང་གིས་ཕྱི་ལོ་༡༩༥༠ ནས་༡༩༨༧ བར་རྒྱ་གར་ནང་སྐྱེས་པའི་བོད་མི་སུ་འདྲ་ཞིག་ཡིན་རུང་རང་བཞིན་གྱིས་རྒྱ་གར་མི་སེར་ཆགས་ཐུབ་པ་ཞིག་ཡིན་ནའང་བོད་མི་རྣམས་ཀྱིས་ཆེད་མངགས་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡོང་ཐབས་བྱེད་བཞིན་ཡོད་སྟབས། བོད་མིའི་བཙན་བྱོལ་བ་རྣམས་ཀྱི་གནས་སྟངས་ནི་དམིགས་བསལ་བ་ཞིག་ཡིན་སྟབས་རྒྱ་གར་གཞུང་ནས་ཀྱང་གནད་དོན་དེར་དགོངས་བཞེས་གནང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་༢༠༡༤ གཏན་འབེབས་གནང་སྐོར་གསུངས། སྐབས་དེར་རྫོང་དཔོན་གྱིས་རོགས་སྐྱོར་ལས་གཞི་མངའ་གཞུང་ནས་གང་གཏན་འབེབས་གནང་བ་དེ་དག་ངེས་པར་དུ་ལག་བསྟར་གནང་རྒྱུའི་ཁས་ལེན་གནང་འདུག

སྐབས་དེར་སྲིད་སྐྱོང་གིས་ལ་དྭགས་དང་བོད་མི་རྣམས་ནི་ལོ་རྒྱུས་ཁྲོད་བུ་སྤུན་གྱི་མཛའ་བརྩེའི་འབྲེལ་ལམ་དམ་ཟབ་ཡོད་པ་དྲན་གསོ་གནང་ནས་ད་བར་བོད་མི་བཙན་བྱོལ་བ་རྣམས་ལ་བློ་རྒྱ་ཡངས་པོའི་ཐོག་ནས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུས་པ་སྦྲགས་ཡི་རངས་བསྔགས་བརྗོད་ཀྱང་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།