བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན།
ཟླ་འདིའི་ཚེས་༧ ནས་ཉིན་གསུམ་རིང་བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༦ པ་དེ་རྒྱ་གར་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་འཚོགས་པ་དང་། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རྒྱ་རི་སྒྲོལ་མ་ཕེབས་ཡོད་པ་རེད།
དེ་བཞིན་སྐུ་མགྲོན་དུ་འབྲས་ལྗོངས་ར་ལྦང་ལ་མཉམ་འབྲེལ་དེབ་བསྐྱེལ་ལས་ཁུངས་ཀྱི་ལས་བྱེད་དང་། སྒང་ཏོག་དང་ར་ཝང་ལ་ས་གནས་འགོ་འཛིན། །ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དགོན་སྡེ་ཁག་གི་སྐུ་ཚབ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། སློབ་གྲྭ་ཁག་གི་དགེ་ལས་དང་སློབ་ཕྲུག གཞིས་གྲོང་ཁག་གི་བརྒྱ་དཔོན་བཅས་མཛད་སྒོར་ཕེབས་ཡོད་པ་རེད།
མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཆེན་དེའི་དགོས་དམིགས་གཙོ་བོ་ནི་སྤྱིར་གཞིས་ཆགས་སྲ་བརྟན་དང་། ཡང་སྒོས་མཉམ་འབྲེལ་ཁག་གི་ལས་དོན་ཚགས་ཚུད་ཡོང་ཐབས་ཆེད་ལ་དམིགས་པ་ཞིག་ཡིན་འདུག
ཚོགས་ཆེན་གི་ཉིན་དང་པོར་ས་གནས་མཉམ་འབྲེལ་ཁག་གི་འདས་པའི་ལོ་གཅིག་གི་ལས་བསྡོམས་དང་རྩིས་ཁྲ། འབྱུང་འགྱུར་ལས་དོན་བྱེད་འཆར་དང་སྔོན་རྩིས་སྐོར་སྙན་སེང་དང་ཕན་ཚུན་ལེགས་སྤེལ་ཉེས་འགོག་གི་དྲི་བ་དྲིས་ལན་བཅས་བྱས་ཡོད་པ་རེད།
ཚོགས་ཆེན་གྱི་ཉིན་གཉིས་པར་སྔ་ལོའི་འཛིན་སྐྱོང་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་ཀྱི་ལག་བསྟར་མཇུག་སྐྱོང་བྱུང་མིན་གནས་སྟངས་སྐོར་བསྐྱར་ཞིབ་ཀྱིས་ལས་དོན་ལག་བསྟར་བྱ་དགོས་རིགས་མཇུག་སྐྱོང་བྱས་ཡོད་པ་རེད།
འཛིན་སྐྱོང་ཚོགས་ཆེན་འདིའི་ཐོག་མཉམ་བཞུགས་གནང་མཁན་མཉམ་འབྲེལ་ཁག་༡༥ ཚོགས་གཙོ། མཉམ་དྲུང། མཉམ་འབྲེལ་རེ་རེ་ནས་འགན་ལྷན་འཐུས་མི་རེ། སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་གཙོས་སྤྱི་མཉམ་ལས་དབུས་ཀྱི་ལས་བྱེད་དང་སྡེ་ཚན་ཁག་གི་འགན་འཛིན། ར་ཝང་ལ་ཀུན་ཕན་གླིང་མཉམ་འབྲེལ་གྱི་འགན་ལྷན་འཐུས་མི་བཅས་མཉམ་ཞུགས་བྱས་ཏེ། མ་འོངས་དོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་བྱས་ཡོད་པ་རེད།
ཐེངས་འདིའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལས་ཁང་གིས་ཨོ་རི་ས་ཕུན་ཚོགས་གླིང་མཉམ་འབྲེལ་དང་རྡོར་གླིང་བསུ་ན་མདའ་མཉམ་འབྲེལ་གཉིས་བཙུགས་ཏེ་སྤྱི་ཚོགས་ལ་མཐུན་འགྱུར་དང་ཞབས་འདེགས་རྒྱ་ཆེ་ཞུས་གནང་པར་ལོ་ངོ་༥༠ ཧྲིལ་པོ་འཁོར་བའི་འཚམས་འདྲི་དང་ལེགས་གསོའི་བྱ་དགའ་བསྩལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
