བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་༡༣ པ་དབུ་འཛུགས།

སྲི་ཞུའི་ལས་བྱེད་ཚོ་ནང་བཞིན་ཚོང་པ་ཚོས་ཀྱང་ཚོང་གི་ཁེ་བཟང་ནས་བརྒྱ་ཆ་བཞི་དཔྱ་དངུལ་དུ་ཕུལ་ཐུབ་ན་ཡག་པོ་ཡོད་སྐོར་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢༤ ཡི་ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་རྡ་ས་མེག་གྷན་(Club House)གསོལ་མགྲོན་ཁང་དུ་ཉིན་གཉིས་རིང་གི་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་༡༣ པ་དབུ་འཛུགས་གནང་སོང་ཞིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་།   དམིགས་བསལ་སྐུ་མགྲོན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས།  ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་འཕྲིན་ལས་ནོར་བུ།  གཞན་དྷ་ས་ནས་ཚོགས་བཅར་བ་༤༥ དང་། ལྡི་ལི་ནས་༥༤ བལ་ཡུལ་ནས་༣༥ བཅས་ཁྱོན་ཚོགས་བཅར་བ་༡༣༤ འཛོམས་འདུག

མཛད་སྒོའི་ཐོག་མར་སྣང་གསལ་ཞལ་ཁ་ཕྱེས་རྗེས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་གྱེར་འདོན་དང་། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལས་བྱེད་སྐལ་བཟང་ཚེ་རིང་གིས་ཕེབས་བསུ་དང་ངོ་སྤྲོད།  བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་འཕྲིན་ལས་ནོར་བུས་ལོ་འཁོར་སྙན་ཐོ་སྒྲོགས་སྦྱང་དང་། མ་འོངས་ལས་འགུལ་སྤེལ་ཕྱོགས་ངོ་སྤྲོད་ཞུས་རྗེས། དངུལ་གཉེར་ཚེ་རིང་སྟོབས་རྒྱལ་གྱིས་དངུལ་རྩིས་དང་འབྲེལ་བའི་སྙན་ཐོ་ཁག་སྒྲོགས་སྦྱང་གནང་སོང་བ་མ་ཟད། ༢༠༡༨ ལོའི་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གསར་དེབ་ལྔ་པ་དབུ་འབྱེད་གནང་སོང་།

མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་གསུང་དོན་དུ། དེ་སྔོན་ཕྱི་ལོ་༢༠༡༤ ལོར་ཨ་རིར་༧གོང་ས་མཆོག་གིས་བོད་པའི་སྤྱི་ཚོགས་ནང་ནས་ཨ་སྒོར་ས་ཡ་དང་བྱེ་བའི་བདག་པོ་དེ་འདྲ་གང་མང་ཐོན་ནས་སྤྱི་ཚོགས་ལ་ཕན་པ་སྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར་ང་ཚོའི་ངོས་ནས་དེ་ལྟར་བྱེད་ཐུབ་དགོས་སྐོར་དང་། ཚོང་པ་ཚོ་དང་བསྡུར་བ་ཡིན་ན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལ་གསོལ་ཕོགས་ཉུང་ངུ་ལས་མེད་སྟབས་ཡོང་སྒོ་ཆེན་པོ་མེད་ཀྱང་བརྒྱ་ཆ་བཞི་དཔྱ་དངུལ་དུ་འབུལ་གྱི་ཡོད་པ་དང་། དང་བླངས་དཔྱ་དངུལ་མང་ཤོས་འབུལ་མཁན་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་དང་། དང་ཞབས་པ་ཚོ་ཆགས་ཀྱི་ཡོད་པ་ལྟར། ཚོང་པ་ཚོས་ཀྱང་ཚོང་གི་ཁེ་བཟང་ནས་བརྒྱ་ཆ་བཞི་ཕུལ་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང་བ་མ་ཟད། ཚོང་ལས་ཀྱི་གཟེངས་རྟགས་དེའང་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་མི་ཙམ་མིན་པར་སྤྱི་པའི་ལས་དོན་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་སུ་འདྲ་ཞིག་བྱུང་ན་དེར་ཕུལ་ཐུབ་ཚེ་དགེ་མཚན་ཆེ་སྐོར་སོགས་གསུངས་སོང་།

དེ་བཞིན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་གསུང་དོན་དུ། ཕྱི་ལོ་༢༠༠༥ ལོར་བཀའ་ཤག་སྐབས་༡༢ པའི་ཐུགས་ཁུར་འོག དཔལ་འབྱོར་ལས་ཁུངས་ཀྱིས་བརྒྱུད་སྐུལ་བྱས་ཏེ་ཚོགས་པ་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་།  ད་བར་ཚོགས་པ་བཙུགས་ནས་ལོ་ངོ་༡༣ ཕྱིན་ཡོད་པ་དང་། ལོ་ངོ་༡༣ ནི་ཕྱོགས་གཅིག་ནས་དུས་ཡུན་རིང་པོ་ཡིན་ཡང་ཕྱོགས་གཞན་ནས་ཐུང་ཐུང་ཞིག་ཡིན་པ་དང་། ཚོགས་པ་ཞིག་ལོ་༡༣ འགྲོ་སྐབས་དུས་ཡུན་དེའི་རིང་ལས་དོན་སྤེལ་ཕྱོགས་དང་སྟངས་འཛིན་གནང་ཕྱོགས། ལྷག་པར་དུ་ཚོགས་པ་ཞིག་གི་ཚོགས་འདུ་འཚོགས་སྟངས་མི་འདྲ་བ་ཞིག་དགོས་པ་གལ་ཆེ་སྐོར། ཕྱི་ལོ་༢༠༡༥ ལོར་བོད་མིའི་ཚོང་ལས་བདེ་ཚོགས་ལོ་ངོ་༡༠ འཁོར་བའི་དུས་ཆེན་ཉིན་དཔེ་དེབ་ཅིག་དབུ་འབྱེད་གནང་སྐབས་དགའ་ལྡན་ཕོ་བྲང་ནས་བཀའ་སློབ་ལམ་སྟོན་དང་།  སྲིད་སྐྱོང་གི་ལམ་སྟོན་གསུང་འཕྲིན། དེ་བཞིན་དཔལ་འབྱོར་བཀའ་བློན་གིས་གསུང་འཕྲིན་བཅས་ཕུལ་ཡོད་པ་དང་། སྐབས་དེར་ཚོགས་པ་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་དོན་ཚན་དྲུག་བཀོད་ཡོད་པ་དེ་དག་ཞིབ་ཕྲའི་ངོ་སྤྲོད་དང་ལྷན་དོན་ཚན་དེ་དག་ཐོག་ད་ཆ་ཡར་རྒྱས་ཇི་འདྲ་ཞིག་འགྲོ་ཐུབ་ཡོད་མེད་ཐད་དྲི་བ་ཞིག་གཏོང་དགོས་སྐོར་སོགས་གསུངས་སོང་།

དེ་བཞིན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་གསུང་དོན་དུ། ཚོགས་པ་གསར་འཛུགས་གནང་སྐབས་ཀྱི་ཚོགས་མིའི་ཁྲོད་ད་ཆ་གཉིས་སམ་ཡང་ན་གསུམ་ཙམ་ལས་འདིར་མཐོང་རྒྱུ་མེད་པ་དང་། ཚོང་པའི་ལྷན་ཚོགས་འདི་མ་འཛུགས་གོང་འཐུས་མི་རྣམས་ཀྱིས་གྲོས་བསྡུར་ལྷུག་པོར་གནང་མཐར་དམིགས་ཡུལ་དོན་ཚན་༡༡ ཞིག་གཏན་ལ་ཕབ་ཡོད་པའི་ཁྲོད་ནས་གནད་འགག་ཅན་གྱི་དོན་ཚན་དྲུག་ཡོད་པ་ལས། ད་ལྟའི་གནས་བབ་ལ་དོན་ཚན་ལྔ་ཐད་ཀར་འབྲེལ་བ་ཆགས་ཡོད་སྐོར་དང་། ཚོང་ལས་བདེ་དོན་གྱིས་འབད་བརྩོན་འཕར་མ་གནང་སྟེ། བོད་པ་ནང་ཁུལ་ལ་ལས་ཀ་སྤྲོད་ཐབས་དང་། དགོན་སྡེ་དང་སློབ་གྲྭ་ཁག་ལ་ན་བཟའ་དང་སྒྲིག་ཆས་འཚེམ་ཐུབ་དགོས་སྐོར་སོགས་ཀྱི་བླངས་དོར་བཀའ་སློབ་ལམ་སྟོན་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་ལོ་བཅུ་བསྟུད་མར་ལས་ཀ་བྱེད་མཁན་རྣམས་ལ་གཟེངས་རྟགས་དང་།  དབའ་ཧོ་བསྟན་འཛིན་ལ་བྱས་རྗེས་ཅན་གྱི་གཟེངས་རྟགས་(lifetime achievement award)གནང་སོང་བ་མ་ཟད།   ཚོགས་གཙོ་དང་རྒྱུན་ལས་ཟུར་པ་རྣམས་ལ་ཡི་རངས་བསྔགས་བརྗོད་མཚོན་ཆེད་གཟེངས་རྟགས་དང་། སྐུ་མགྲོན་རྣམ་པར་དྲན་རྟེན་ཕྱག་རྟགས་ཀྱང་ཕུལ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།