བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་༥༩ སྲུང་བརྩི།
ཟླ་འདིའི་ཚེས་༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་ཞི་བའི་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་༥༩ དེ་གཞུང་འབྲེལ་གྱིས་སྲུང་བརྩི་བྱས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཇོརཇ་ཝེ་ཀར་ Shri George Baker དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཕེབས་ཡོད་པ་རེད།
བཀའ་ཤག་གི་གཏམ་བཤད་ནང་འཁོད་དོན། “ཕྱི་ལོ་༡༩༥༩ ལོའི་ད་རིང་གི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་སྟོང་ཕྲག་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་དམར་གཞུང་གིས་བཙན་བཟུང་ལ་ཞི་བའི་སྒེར་ལངས་བྱས་པར། རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་མང་པོ་བསད་རྨས་བྱས་ནས་ལོ་༥༩ འཁོར་བའི་དུས་དྲན་གྱི་ཉིན་མོ་འདི་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་བརྗེད་དུ་མེད་པའི་མྱ་ངན་རྗེས་དྲན་བྱེད་དགོས་པའི་དུས་ཚེས་ཤིག་ཡིན་ནའང། སྐབས་དེར་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་རྡོག་རྩ་གཅིག་བསྒྲིལ་གྱིས་སྒོ་ནས་བོད་མི་མང་གི་མངོན་འདོད་གསལ་འདོན་བྱས་ཡོད་པ་ནི་སྤོབས་པ་བྱེད་འོས་པ་ཞིག་ཡིན་”ཞེས་དང་། “ཕྱི་ལོ་༡༩༥༩ ལོའི་རྗེས་ནས་ད་བར་གཞིས་བཞུགས་བོད་མི་ཚོས་རྒྱ་གཞུང་གི་བཙན་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཆེད། ཞི་བའི་སྒོ་ནས་རྣམ་པ་འདྲ་མིན་གྱི་ལས་འགུལ་བར་མ་ཆད་པར་སྤེལ་ཡོད་པའི་ནང་ནས་གཞི་རྒྱ་ཆེ་ཤོས་ནི་ཕྱི་ལོ་༡༩༨༧ དང་། ཕྱི་ལོ་༡༩༨༨ ཕྱི་ལོ་༡༩༨༩ སོ་སོའི་ནང་གི་ཞི་བའི་ངོ་རྒོལ་ཁག་དང་། ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བཅས་ཡིན། འདི་ལོ་ནི་ཕྱི་ལོ་༡༩༨༨ ལོའི་ཞི་བའི་ངོ་རྒོལ་བྱུང་ནས་ལོ་སུམ་ཅུ་འཁོར་བ་དང་ཕྱི་ལོ་༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅུ་འཁོར་བའི་དུས་དྲན་ཡང་ཡིན། དེ་བཞིན་ཕྱི་ལོ་༢༠༠༩ ནས་བཟུང་འཚེ་མེད་ཞི་བའི་ཐོག་ནས། “བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས།” ཞེས་བོད་མི་རིགས་ཀྱི་མངོན་འདོད་གསལ་འདོན་བྱ་ཆེད་བོད་ནང་བོད་མི་༡༥༢ ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་”ཅེས་དང་། བོད་ནང་གི་བོད་མི་ཚོས་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བར་ཡང་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་འཁོད་འདུག
རྒྱ་ནག་ནང་ཆོས་དད་རང་དབང་སྐོར་འཁོད་དོན། “རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་ལོ་རེ་ནས་ལོ་རེར་ཇེ་སྡུག་ཏུ་གཏོང་བཞིན་ཡོད་པ་རྒྱལ་སྤྱིའི་སྙན་ཐོ་ཁག་ནང་གསལ་འདོན་བྱས་འདུག་ན་ཞིབ་རྒྱས་ཞུ་དགོས་མ་མཐོང། རྒྱ་གཞུང་གིས་ཆོས་དད་རང་དབང་ཐོག་ཕྱོགས་ཡོངས་ནས་དོ་དམ་སྟངས་འཛིན་བྱེད་ཆེད་“ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་”ཟེར་བར་བསྐྱར་བཅོས་ཀྱིས་འདི་ལོའི་ཕྱི་ཟླ་༢ པ་ནས་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དེས་བོད་མིའི་ཆོས་དད་རང་དབང་ཐོག་སྔར་བས་དམ་བསྒྲགས་ཆེ་རུ་གཏོང་རྒྱུ་ཡིན་པ་སྨོས་མི་དགོས་པ་ཞིག་ཡིན། རྒྱ་ནག་གཞུང་གིས་བླ་རུང་སྒར་དང་། ཡ་ཆེན་སྒར་གཉིས་ཀྱི་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་སྟོང་ཕྲག་མང་པོ་ཕྱིར་འབུད་བྱས་པའི་གནས་ཚུལ་ཡོངས་གྲགས་ཡིན་པར་སོང་བསྐྱར་བཤད་བྱེད་དགོས་མ་མཐོང། འོན་ཀྱང་ད་ཆ་བླ་རུང་སྒར་དེ་བཞིན་དུམ་བུ་གཉིས་སུ་བགོས་ཏེ་ཆོས་སྡེ་ཆེན་པོ་དེའི་འཛིན་སྐྱོང་ཆོས་མེད་སྨྲ་བའི་རྒྱ་ནག་གཞུང་གི་ལས་བྱེད་ ༢༠༠ སྐོར་གྱིས་བྱེད་རྒྱུ་ཡིན་པའི་གནས་སྟངས་ལས་བོད་མིའི་ཆོས་དད་རང་དབང་གི་གནས་བབ་ཇི་འདྲ་ཡིན་པ་གསལ་པོ་ཤེས་ཐུབ་”ཅེས་རྒྱ་ནག་གཞུང་ལ་བོད་མི་ཡིད་ཆེས་མེད་པར་ད་སྔ་བར་རང་སྐྱོང་ལྗོངས་གི་དམར་ཤོག་དྲུང་ཆེ་བོད་མི་འཇོག་མྱོང་མེད་པ་དང་། བོད་རང་སྐྱོང་ཁུལ་དང་རྫོང་ཁག་ལ་ཡང་ཉུང་ཉུང་ཡིན་སྐོར། དེ་བཞིན་གསུམ་བཅུའི་དུས་དྲན་ཉིན་བོད་ས་ཡོངས་ལ་དམ་དྲག་ཆེན་པོ་ཡོད་སྐོར་འཁོད་འདུག
དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་འཛིན་སྐོར་འཁོད་དོན། “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཕེབས་བཞིན་པ་ལྟར། ཕྱི་ལོ་༢༠༡༧ ཟླ་༡༠ པའི་ནང་རྒྱལ་སྤྱིའི་གནས་ཚད་ལྡན་པའི་༥།༥༠ འཆར་སྣང་གི་ཚོགས་འདུ་ཆེན་པོ་ཞིག་བསྐོངས་ཡོད། ཚོགས་འདུ་དེའི་ནང་དོན་གཙོ་བོ་ནི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་རྒྱ་ནག་གཞུང་དང་གྲོས་མོལ་འགོ་འཛུགས་ཐུབ་ཐབས་ཀྱིས་ལོ་ལྔའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་འབད་བརྩོན་བྱེད་རྒྱུ་དང་། ཅི་སྟེ་བོད་དོན་བདེན་མཐའ་གསལ་རྒྱུར་ལོ་ལྔ་བཅུ་དུས་འགོར་བྱུང་ན་ཡང་བོད་མིའི་སྒྲིག་འཛུགས་འདི་མུ་མཐུད་སྲ་བརྟན་རྒྱུན་གནས་ཐུབ་པ་བྱས་ཏེ་བོད་མིའི་རང་དབང་འཐབ་རྩོད་རྒྱུན་སྐྱོང་བྱེད་རྒྱུའི་ཕུགས་འཆར་ཞིག་ཡིན། རྒྱ་ནག་གི་ངོས་ནས་བོད་ཀྱི་གནད་དོན་འདི་བཞིན་དུས་འགྱངས་བྱས་ནས་ཡལ་འགྲོ་བའི་ཕུགས་དམིགས་ནི་དུས་ནམ་ཡང་མི་འགྲུབ་པའི་རྩིས་ལོག་ཅིག་ཡིན་པ་ངོ་སྤྲོད་གསལ་པོ་བྱེད་རྒྱུ་ཡིན། དེར་བརྟེན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྐབས་གཉིས་པའི་ལས་ཡུན་རིང་བོད་མིར་དྲག་གནོན་བྱེད་པའི་སྲིད་བྱུས་ལ་བསྐྱར་ཞིབ་དང་། ༸གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་མཐུད་ཀྱིས་བོད་ཀྱི་གནད་དོན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་པའི་རེ་བ་དང་འབོད་སྐུལ་བསྐྱར་ནན་བྱེད་རྒྱུ་ཡིན། དེ་དང་ཆབས་ཅིག་ཡོ་རོབ་གྲོས་ཚོགས་ཐེ་བའི་བོད་རྒྱའི་གྲོས་མོལ་བསྐྱར་མཐུད་ཡོང་རྒྱུར་སྔ་ཕྱིར་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག
སྲིད་སྐྱོང་གིས་བོད་མིར་ཆིག་སྒྲིལ་དགོས་སྐོར་གསུང་དོན། ༡༩༦༠ ལོར་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་མི་ཆིག་སྒྲིལ་གྱི་མནའ་གན་ཐུན་མོང་ཆེ་ཕུལ་བ་དང་འབྲེལ་གསུང་དོན། “ད་ཐེངས་བཙན་བྱོལ་ནང་ཆོལ་ཁའི་འཐེན་འཁྱེར་བྱུང་བ་དང་། དེ་སྔ་༡༩༨༠ གྲངས་ནང་ཆོལ་ཁའི་འཐེན་འཁྱེར་གྱི་རྐྱེན་གྱིས་༧གོང་ས་མཆོག་གིས་བཀའ་སློབ་ནན་པོ་གནང་དགོས་ཁེལ་བ། བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་སྐུ་ངལ་འཕྲད་དགོས་པ། ༧གོང་ས་མཆོག་ཐུགས་ཕམ་བྱུང་དགོས་པའི་གནས་ཚུལ་བྱུང་བ་རེད། ད་ཐེངས་ཆོལ་ཁའི་འཐེན་འཁྱེར་གྱི་རྐྱེན་གྱིས་༧གོང་ས་མཆོག་ཐུགས་ཕམ་བྱུང་དགོས་པ་དང་། ང་ཚོའི་ཆིག་སྒྲིལ་ལ་དོ་ཕོག་འགྲོ་བ་ཆགས་ན། དགྲ་དགའ་གཉེན་སྡུག་ཆགས་ཀྱི་རེད། དེ་ཚང་མས་ཐུགས་ལ་ཉར་རོགས་”ཞེས་བཀའ་ཤག་གི་ལྟ་གྲུབ་གསུམ་ཆིག་སྒྲིལ། གསར་བཏོད། རང་ཁ་རང་གསོ་ཡིན་སྐོར་གསུངས་པ་དང་། ཁོང་གིས་མུ་མཐུད་ཆིག་སྒྲིལ་སྐོར་གསུང་དོན། “ཆོལ་ཁའི་འཐེན་འཁྱེར་བྱས་ན་ཆིག་སྒྲིལ་ལ་དོ་ཕོག་འགྲོ་ཡི་རེད། ཆོལ་ཁའི་འཐེན་འཁྱེར་ཐ་མག་ཉལ་ཐ་ནང་བཞི་གནས་སྐབས་སྐྱིད་པོ་འདྲ་ཡོད་ས་རེད། ང་ཚོའི་ཆོལ་ཁ་ནང་བཞིན་དགོས་རེད། ང་ཚོའི་དབུས་གཙང་ལ་རྒྱབ་སྐྱོར་བྱས་ཤོག ང་ཚོའི་ཁམས་པ་ལ་རྒྱབ་སྐྱོར་བྱས་ཤོག ང་ཚོའི་ཨ་མདོ་ལ་རྒྱབ་སྐྱོར་བྱེད་དགོས་རེད་ཅེས་བཤད་དུས་ཐ་མག་ཉལ་ཐག་ནང་བཞིན་སྐྱིད་པོ་ཞིག་ཡོད་ས་རེད། ཡིན་ནའང་མཐའ་མར་དུག་རེད། སོ་སོ་འཕྲོ་བརླགས་འགྲོ་ཡི་རེད། ནང་མི་འཕྲོ་བརླགས་འགྲོ་ཡི་རེད། སྤྱི་ཚོགས་འཕྲོ་བརླགས་འགྲོ་ཡི་རེད། ཚང་མས་ཐ་མག་ཉལ་ཐ་དེ་མ་བཀྲམ་རོགས། ཕྱིའི་དགྲ་དང་ནང་གི་གཉིས་ནས་ནང་གི་དགྲ་དེ་ཉེན་ཁ་ཆེ་བ་འདྲ་འདུག ཕྱིའི་དགྲ་རྒྱ་ནག་ཀུང་ཁྲན་དང་། དོལ་རྒྱལ་རྗེས་འབྲིང་ཚོ་རེད། ནང་གི་དགྲ་དེ་ཆོལ་ཁའི་འཐེན་འཁྱེར་བ་ཚོ་རེད། དེའི་རྣམ་པ་སྤྱི་ཚོགས་ལ་འགན་འཁུར་མཁན་གྱི་མི་སྣ་འགའ་ཞིག ཕ་མ་སྤུན་ཟླ་ཡིས་ང་སླ་ས་ཡིན། ང་ཁམས་པ་ཡིན། ང་ཨ་མདོ་ཡིན། རྒྱབ་སྐྱོར་བྱས་ཤོག་ཅེས་གནོན་ཤུགས་སླེབས་ཀྱི་ཡོད་པ་རེད། དེ་འདྲ་ནམ་ཡང་བྱེད་རྒྱུ་མི་འདུག བོད་མིའི་རྩ་དོན་ལ་སེམས་ཤུགས་ཡོད་ན། ༧གོང་ས་མཆོག་ལ་དད་པ་ཡོད་ན། ཆོལ་ཁའི་འཐེན་འཁྱེར་སྤངས་དགོས་པ་གལ་ཆེན་པོ་རེད་”ཅེས་དང་། བོད་ལ་ལུང་པ་ཡོད་པའི་སྐབས། རྒྱ་ནག་གི་དམག་ཡོང་སྐབས། ཆོལ་ཁ་གསུམ་ནང་དཔའ་བོ་དཔའ་མོ་བྱུང་ཡོད་སྐོར་དང་། ད་ལྟ་རྩ་དོན་ཆེད་བོད་ཆོལ་ཁ་གསུམ་ནས་སྐུ་ལུས་བསྐྱོན་ཡོད་པ་དང་། ཞབས་འདྲེན་ཞུ་མཁན་ཡང་ཆོལ་ཁ་གསུམ་ནང་བྱུང་ཡོད་སྐོར། དེ་བཞིན་བོད་རྒྱལ་ཁབ་གཅིག་རེད་ལ། འགོ་ཁྲིད་གཅིག རྩ་དོན་གཅིག རྒྱལ་དར་གཅིག བོད་མིའི་སྒྲིག་འཛུགས་ཡིན་སྐོར་གསུངས་སོང་།
སྲིད་སྐྱོང་གིས་མུ་མཐུད་སྨྲ་བརྗོད་རང་དབང་དང་སྐྱོན་བརྗོད་སྐོར་གསུངས་དོན། “ང་ཉེ་ཆར་པེ་རི་སུ་དང་སྦིར་ཛིལ་ལ་འགྲོ་སྐབས། བཀའ་ཤག་ལ་མོས་མཐུན་མེད། བཀའ་ཤག་གི་ཐག་གཅོད་ལ་མོས་མཐུན་མེད་པའི་རྣམ་འགྱུར་སྟོན་མཁན་ཡོང་གི་འདུག ཁོང་ཚོར་ཞུས་ཡིན། ༧གོང་ས་མཆོག་གིས་མང་གཙོ་གསོལ་རེས་གནང་ཡོད་པ་དང་། སྨྲ་བརྗོད་རང་དབང་རེད། ཐོབ་ཐང་རེད། བཀའ་ཤག་གི་ཐག་གཅོད་དང་བྱེད་སྟངས་མ་འགྲིག་ན། མ་འདོད་པའི་རྣམ་འགྱུར་སྟོན་ཆོག་རེད། མ་གཏོགས་སྨྲ་བརྗོད་རང་དབང་རེད་ཟེར་ནས། བཀའ་ཤག་ལ་སྐྱོན་བརྗོད་བྱེད་སྐབས་འདི་བྱས་ན་འགྲིག་མ་རེད་ཅེས་ཟེར་ན་འགྲིག་གི་མ་རེད། བོད་ཀྱི་རྩ་དོན་རྩོད་མཁན་ཚོའི་ནང་ནས་སྐྱོན་བརྗོད་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཟེར་གྱི་ཡོད། ཁོ་རང་ཚོར་ཚོར་བ་ཞིག་འདུག འགྲིག་གི་མི་འདུག་ཅེས་ཐང་ལ་ཐོན་མཁན་ཚོ་ཡག་པོ་རེད། ངས་ནམ་རྒྱུན་ཚོར་བ་མེད་མཁན་དང་འགན་མི་ཁུར་མཁན་ཚོར་སྐྱོན་བརྗོད་བྱེད་ཀྱི་ཡོད། སྐྱོན་བརྗོད་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་ཚོ་ཡག་པོ་རེད། ཡིན་ཡང་སྐྱོན་བརྗོད་དེར་མོས་མཐུན་མེད། ཉེ་ཆར་གནས་ཚུལ་ཞིག་བྱུང་བ་དེར་ཡིག་ངག་གཉིས་ཐོག་ནས་འབྱོར་སོང་། སྤྱི་ཚོགས་དྲ་རྒྱ་ཁག་ནས་མཐོང་སོང་། བཀའ་ཤག་ནས་ཡིག་ངག་གཉིས་ཐོག་ནས་གསལ་བཤད་ཞུས་ཡིན། ཡིན་ཡང་ཉུང་ཤས་ལ་འགྲེལ་བཤད་ག་ཚོད་བརྒྱབ་ན་འགྲེལ་བཤད་འགྲོ་ཡ་ཡོད་ས་མ་རེད། ཡིན་ནའང་ཁྲིམས་དང་མཐུན་པ་དང་དྲང་བདེན་བཀའ་ཤག་གིས་བྱས་ཡོད་མེད་ཞིབ་འཇུག་གནང་རོགས། མཐའ་སྐྱེལ་དགོས་ན་ཁྲིམས་ཞིབ་ཁང་ལ་ཕེབས་ཡ་རེད། ཁྲིམས་ཁང་ནས་ཐག་གཅོད་བྱེད་ཡ་ལས་གང་ཡང་ལྷག་མི་འདུག་”ཅེས་གསུངས་སོང་།
གྲོས་ཚོགས་ཀྱི་གཏམ་བཤད་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་སྒྲོགས་སྦྱང་བྱས་པའི་ནང་འཁོད་དོན། “རྒྱ་གཞུང་གིས་ད་བར་བོད་ཀྱི་སྣོད་བཅུད་གཉིས་ཀར་དབང་བསྒྱུར་བྱེད་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། ཆོས་དད་རང་དབང་བཙན་འཕྲོག སྐད་ཡིག་ཉམས་དམས། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན། བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་སོགས་ཀྱིས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུར་རིག་གནས་གསར་བརྗེ་ཆེན་པོ་ཟེར་བ་སོགས་ནས་སྲིད་བྱུས་རབས་དང་རིམ་པ་སྤེལ་ཡོད། བོད་མི་རྣམས་ཀྱིས་སྲིད་བྱུས་དེ་དག་ལ་མི་འདོད་པའི་ཞི་རྒོལ་རིམ་པ་བྱས་ཀྱང་རྒྱ་གཞུང་གིས་བོད་མི་རྣམས་ཀྱི་མངོན་འདོད་ལ་བདག་སྐྱོང་བྱ་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་མི་སྤྱོད་ལས་འདས་པའི་དྲག་གནོན་དང་མནར་གཅོད་འོག་བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་གི་ཚེ་སྲོག་འཕྲོག་ཅིང་། དགོན་སྡེ་སྟོང་ཕྲག་དྲུག་ལྷག་རྩ་གཏོར་བཏང་ཡོད། ཕྱི་ལོ་༢༠༠༨ ལོར་བོད་ས་ཁྱོན་ཡོངས་ནས་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་བྱུང་བ་དང་། ལྷག་པར་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༧ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་ནས། ཉེ་སྔོན་ཕྱི་ལོ་༢༠༡༨ ཟླ་༣ ཚེས་༧ ཉིན་ཨ་མདོ་རྔ་པ་རྨེའུ་རུ་མ་རུ་ཆེན་བཞི་པ་གནམ་མཚོ་སྡེ་པ་ནས་ཡིན་པ་རང་ལོ་༤༤ ཡས་མས་ཙམ་སོན་པ་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་བཅས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་ཁྱོན་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་གྲངས་༡༥༢ ཡིས་རང་ལུས་མེར་བསྲེགས་གནང་སྟེ་༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་དགོས་འདུན་བཏོན་ཏེ་ཞི་རྒོལ་གནང་ཡོད། དེ་དག་གི་འབྱུང་རྐྱེན་གཙོ་བོ་ནི། རྒྱ་གཞུང་གིས་བོད་ནང་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་རིགས་ལ་དམིགས་བསལ་གྱིས་དམ་དྲག་བྱས་ཏེ་གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་དང་རེ་བ་ལ་བདག་སྤྲོད་མི་བྱེད་པར་བོད་མི་རྣམས་བཙོན་རར་ཚུད་པ་ལྟ་བུའི་གནས་སྟངས་འོག་ཞི་རྒོལ་དེ་དག་བྱུང་བ་ཡིན་པ་གསལ་པོ་ཆགས་ཡོད་”ཅེས་བོད་ནང་གི་ཁོར་ཡུག་དང་རིག་གཞུང་གཏོར་བཤིག་སྐོར་སོགས་འཁོད་འདུག
རྒྱ་ནག་གིས་བོད་ནང་དམ་དྲག་སྐོར་འཁོད་དོན། “བོད་དང་རྒྱ་ནག་ནང་ལ་སྤྱི་ཚོགས་དྲ་གནས་བརྒྱུད་དངོས་ཡོད་གནས་ཚུལ་དང་། མི་མང་གི་མངོན་འདོད། རྒྱལ་སྤྱིའི་གནས་ཚུལ་ཇི་བཞིན་ཤེས་ཐབས་དཀའ་བས་ཉིན་རེ་བཞིན་ཆེས་དམ་དྲག་གི་གནས་སུ་གྱུར་ཡོད། འདི་ལོའི་ཕྱི་ཟླ་༢ ཚེས་༢ ཉིན་རྒྱ་ནག་གི་དྲ་རྒྱ་དོ་དམ་ལས་ཁང་གིས་དྲ་རྒྱའི་ཐོག་དངོས་ཡོད་དང་མི་མཐུན་པའི་རིགས་ཟེར་བའི་གནས་ཚུལ་བཀོད་སྤེལ་མི་ཆོག་པའི་དམ་དྲག་ལྟ་ཞིབ་དམ་དུ་གཏོང་རྒྱུའི་བཀའ་རྒྱ་བཏང་སྟེ། དྲ་རྒྱའི་ཐོག་གཞུང་ཕྱོགས་ཀྱི་བསམ་ཚུལ་དང་མི་མཐུན་པའི་གནས་ཚུལ་རིགས་འགོད་རྒྱུར་དམ་དྲག་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད། བོད་རབ་གནས་ས་ཁྱི་ལོའི་ལོ་གསར་ཚེས་༢ ཏེ་ཕྱི་ཚེས་༡༧ ཉིན་རྒྱལ་སྤྱིའི་རིག་དངོས་ཁོངས་སུ་ཚུད་པའི་ལྷ་ལྡན་གཙུག་ལག་ཁང་ལ་གློ་བུར་མེས་སྐྱོན་ཚབས་ཆེན་བྱུང་ཡོད་ཀྱང་། ད་བར་རྒྱ་གཞུང་གིས་མེས་སྐྱོན་ཇི་ལྟར་བྱུང་མིན་དང་། རྟེན་གཙོ་ཇོ་བོ་རིན་པོ་ཆེར་མེ་སྐྱོན་གྱི་གནས་སྟངས་སྦས་གསང་གིས་ཁ་གསལ་འགྲེལ་བརྗོད་གང་ཡང་བྱས་མེད་ན། བོད་མི་མང་གི་དད་མོས་ཞུ་ཡུལ་དང་རྩ་ཆེའི་རིག་དངོས་རྣམས་ལ་གཙིགས་འཛིན་དང་སྲུང་སྐྱོབ་ཇི་ཙམ་གནང་གི་ཡོད་མེད་ཧ་ཅང་གསལ་པོ་ཆགས་ཡོད། ད་དུང་མགོ་རྔ་མི་མཚུངས་ཤིང་ཡིད་ཆེས་མི་ཐུབ་པའི་གསར་འགྱུར་ཡ་མ་ཟུང་སྤེལ་ཏེ་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་ཐབས་བྱས་ཡོད། དེར་བརྟེན་ལྷ་ལྡན་གཙུག་ལག་ཁང་གི་རྟེན་དང་བརྟེན་པར་བཅས་ལ་མེ་སྐྱོན་ཇི་ལྟར་བྱུང་མིན་འབྲེལ་ཡོད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྩད་གཅོད་ཀྱིས་དངོས་ཡོད་གནས་ཚུལ་ཤེས་རྟོགས་གསལ་སྟོན་ཐུབ་པ་བྱ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་དང་།
“རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ལ་རྣམ་ཀུན་ནས་ཁ་བྲལ་རིང་ལུགས་ཞེས་སྐྱོན་བརྗོད་དང་། མཁྲེགས་བཟུང་གི་སྲིད་བྱུས་འཛིན་བཞིན་པར་མངོན་གསལ་དོད་པོས་འགྱུར་བ་གང་ཡང་བཏང་མེད། རྒྱ་གཞུང་གིས་གུ་ཡངས་ཀྱི་སྲིད་བྱུས་བཟུང་སྟེ་བོད་མི་རིགས་ཀྱི་མངོན་འདོད་ལ་བདག་སྤྲོད་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་དང་། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་ཐབས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་ཡོང་ཐབས་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཀྱང་གཡས་ཁག་གཡོན་དཀྲི་མེད་པར་དུས་ཚོད་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་མྱུར་དུ་ཡོང་ཐབས་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་”ཅེས་སོགས་འཁོད་འདུག
གཞུང་འབྲེལ་མཛད་སྒོ་ཚར་པ་དང་། དྷ་སའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག མི་མང་གིས་རྒྱ་ནག་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།