བོད་མིའི་སྐུ་ཚབ་ཨ་རིར་མི་རིགས་གཞོན་སྐྱེས་འགོ་ཁྲིད་ཀྱི་ཚོགས་འདུར་ཞུགས།
སྤྱི་དམངས་ནུས་སྟོབས་ཞེས་པའི་ཚོགས་པ་གསར་འཛུགས་བྱེད་མཁན་རྒྱ་མི་ཡང་ཅིན་ལིས་གཙོ་གཉེར་བྱས་པའི་ལོ་རེའི་“མི་རིགས་གཞོན་སྐྱེས་འགོ་ཁྲིད་སྦྱོང་བརྡར་ཚོགས་འདུ་”ཞེས་པ་ཨ་རིའི་རྒྱལ་ས་ཨ་ཤིང་ཊོན་ཉེ་འགྲམ་མེ་རས་ལན་ཌི་མངའ་སྡེའི་ནང་འཚོགས་ཡོད།

དེ་ཡང་ཡེ་ཤེས་བསྟན་འཛིན་གྱིས་གནས་ཚུལ་མཁོ་གཏོང་བྱས་པ་ལྟར་ན། ཟླ་འདིའི་ཚེས་༢༧ ཉིན་གྱི་དྲོ་ཆུ་ཚོད་༩ པའི་ཐོག ཚོགས་འདུའི་མཛད་རིམ་དང་པོར་སྤྱི་དམངས་ནུས་སྟོབས་ཚོགས་གཞོན་ཧ་ལན་ཁྲའོ་ནས་ཚོགས་འདུ་ངོ་སྤྲོད་བྱས། རིམ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་གྱིས་༧གོང་ས་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་། སྲིད་སྐྱོང་བློ་བཟང་སེང་གེའི་གཏམ་བཤད་བརྙན་འཕྲིན་ནས་བརྒྱུད་སྟོན་བྱས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ཚོགས་གཞོན་བུ་ཆུང་ཚེ་རིང་དང་། ཨི་ཤེ་ཡའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཚོགས་པའི་ཚོགས་མི་བློ་བཟང་ཚེ་བརྟན་གྱིས་བོད་དོན་སྐོར་དང་ཚོགས་པའི་གཏམ་བཤད་སྒྲོགས་སྦྱང་གནང་བ་དང་། དེ་བཞིན་ཡུ་གུར་སྐུ་ཚབ་ཏོ་ལུ་ཧྲིང་ཨེ་ཧྲ་དང་། ལྷོ་སོག་སྐུ་ཚབ་ཆོ་ལོ་ཝུ་ཅི་ཡེ་ཏིས་བཅས་ནས་གཏམ་བཤད་བྱས།
ཕྱི་དྲོ་ཆུ་ཚོད ༡་༣༠ ནས་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་འོག རྒྱ་ནག་སྐམ་སའི་གཏམ་བཤད་པ་ཐེང་པེའོ་དང་། ཤ་ཡེ་ལིན། ཡུ་གུར་འགྲོ་མིའི་ཐོབ་ཐང་འགན་འཛིན་གཞོན་པ་ཙུས་པེ་ལ་ཤ་མུ་ཤིས་ཏིང་གིས་བཅས་ཀྱིས་གཏམ་བཤད་བྱས།

ཆུ་ཚོད ༣་༣༠་ནས་ཡུ་གུར་ཚོགས་པའི་འགྲོ་མིའི་ཐོབ་ཐང་འགན་འཛིན་གཞོན་པ་ཙུས་པེ་ལས་གཙོ་སྐྱོང་འོག བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང་། མདོ་སྟོད་སྤྱི་འཐུས་འཇམ་དབྱངས་བཟོད་པ། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ། ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་འགན་འཛིན་བསོད་ནམས་རྡོ་རྗེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་། ཐའེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་བཅས་ནས་བོད་སྤྱིའི་ཛ་དྲག་གནས་སྟངས་དང་། བོད་མིའི་རང་སྲེག་ངོ་རྒོལ་ལས་འགུལ། བོད་མིའི་ཆོས་དད་རང་མོས་དྲག་གནོན། རང་སྲེག་ངོ་རྒོལ་འབྱུང་རྐྱེན། བོད་མིའི་ཆབ་སྲིད་ལྟ་བ། བོད་ཀྱི་ཁོར་ཡུག་རྩ་གཏོར་བཅས་རིམ་བཞིན་གཏམ་བཤད་དང་དྲི་བར་ལན་འདེབས་བྱས། གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ། ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་ལས་བྱེད་ཡེ་ཤེས་བསྟན་འཛིན། སློབ་ཕྲུག་ཚོགས་པའི་ལས་བྱེད་བསྟན་འཛིན་ཚེ་ལྷ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་ཚེ་དཔག་སྦ་ཡུལ་དང་། པད་མ་ཡོ་གོ་བཅས་ཚོགས་བཅར་བྱས།
སྤྱིར་ཚོགས་བཅར་མི་གྲངས་བརྒྱ་ཟིན་ཡོད་པ་ལས་བོད་དང་། ཡུ་གུར། སོག་པོ། ཐའེ་ཝན། ཧུང་ཀོང་། མེ་ཁའོ། རྒྱ་ནག་སྐམ་ས། ཆོས་འཁོར་སྒོམ་སྒྲུབ། ཁུ་པ་སོགས་ཀྱི་སྐུ་ཚབ་སོགས་མཉམ་ཞུགས་བྱས་ཡོད་ལ། འདི་ཟླའི་ཚེས་༣༠ སྔ་དྲོ་ཚོགས་འདུ་མཇུག་བསྒྲིལ་རྒྱུ་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།