བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཟླ་འདིའི་མགོར་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷར་ཛིལ་དང་།ཀོ་ལོམ་སྦི་ཡ་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་བཞིན།ཕྱི་ཟླ་༡༠ཚེས་༡༠ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མེཀ་སི་ཀོའི་གྲོས་ཚོགས་སུ་ཕེབས་ཡོད་པ་དང་།སྐབས་དེར་གྲོས་ཚོགས་འཐུས་མི་སལ་ཝ་ཊོར་ཀ་རོ་ (Salvador Caro) ཡིས་སྲིད་སྐྱོང་སྤེན་པ་ཚེ་རིང་ངོ་སྤྲོད་དང་འབྲེལ།མེཀ་སི་ཀོར་ཆེས་ཐོག་མར་ཕེབས་པར་དགའ་བསུ་ཞུས་ཐོག་མེཀ་སོ་ཀོའི་ནང་གི་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱི་ཚབ་ཞུས་ཏེ་བོད་དོན་འཐབ་རྩོད་དང་བོད་མིར་རྒྱབ་སྐྱོར་ཚད་མཐོ་ཞུས་ཡོད་འདུགསྲིད་སྐྱོང་མཆོག་གྲོས་ཚོགས་སུ་མ་ཕེབས་སྔོན་ཙམ་དུ་ཚོགས་གཙོ་གཞོན་པའི་སྐུ་ཚབ་ཇོ་ཧ་ན་ཨེ་ལེ་ཇན་དྲ་ཀྲོ་རི་སི་ (Joanna Alejandra Felipe Torres) ཡིས་མེཀ་སི་ཀོའི་གྲོས་ཚོགས་ཀྱི་ཚབ་ཞུས་ཏེ།གྲོས་ཚོགས་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་སྲ་བརྟན་གཏང་རྒྱུའི་གཞུང་འབྲེལ་གསལ་བསྒྲགས་ཡོངས་ཁྱབ་གནང་ཡོད་འདུགསྲིད་སྐྱོང་གིས་ཀྱང་མེཀ་སི་ཀོའི་གྲོས་ཚོགས་ཀྱི་ཚོགས་གཞོན་གཙོས་པའི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་རྒྱབ་སྐྱོར་ཚད་མཐོ་གནང་དང་གནང་བཞིན་པར་ཐུགས་རྗེ་ལེགས་འབུལ་སོགས་ཞུས་འདུགདེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་ཕྱི་ཟླ་༡༠ཚེས་༡༢ཉིན་ནས་ལྷོ་ཀེ་ལི་ཧྥོར་ནི་ཡ་དང་ཨལ་བྷུ་ཀར་ཁི་ལ་ཕེབས་ཏེ་ས་གནས་བོད་མི་རྣམས་ལ་བོད་དོན་འཐབ་རྩོད་སྤྱི་དང་ཡང་སྒོས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་གསུང་བཤད་གནང་ཡོད་འདུག་པ་དང་། གཞན་ཡང་ཕྱི་ཚེས་༡༤ཉིན་ཨེཊ་ལན་ཊར་ཕེབས་འབྱོར་གྱིས་ས་གནས་བོད་མི་རྣམས་ལ་སྐབས་༡༦བཀའ་ཤག་གི་སྲིད་བྱུས་ལངས་ཕྱོགས་སྐོར་དང་བོད་ནང་གི་ཛ་དྲག་གནས་སྟངས།དེ་བཞིན་བཙན་བྱོལ་བོད་མི་རྣམས་ཀྱིས་ཆིག་སྒྲིལ་ཐོག་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐོག་ཧུར་སྐྱེད་དགོས་གལ་སོགས་གསུང་བཤད་དང་དྲི་བ་དྲིས་ལན་གནང་འདུགཕྱི་ཚེས་༡༤ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ཨེཊ་ལན་ཊ་ནས་ཕེབས་ཐོན་གྱིས་ཤར་ལོཊ་ལྦིལ་ཕེབས་འབྱོར་བྱུང་ཞིང་།ཉིན་དེའི་ཕྱི་དྲོར་ཤར་ལོཊ་ལྦིལ་གནས་སྡོད་བོད་རིགས་མང་ཚོགས་དང་།དམིགས་བསལ་གཞོན་སྐྱེས་རྣམས་དང་མཇལ་འཕྲད་ཀྱིས་ལྷོ་དབུས་ཨ་མི་རི་ཀར་ཕྱོགས་ཕེབས་ཀྱིས་བོད་དོན་དྲིལ་བསྒྲགས་གནང་བའི་སྐོར་དང་།ད་ལྟའི་བཀའ་ཤག་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་ཕྱོགས། བོད་མི་གཞོན་སྐྱེས་རྣམས་ནས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་དང་སློབ་གཉེར་གནང་གལ་ཆེ་ཚུལ། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད། འཛམ་བུ་གླིང་གི་སྣོད་བཅུད་རྟེན་འབྲེལ་ཆེད་བོད་གལ་ཆེན་པོ་ཆགས་པའི་སྐོར།དེ་བཞིན་བོད་ལ་རང་དབང་མ་ཐོབ་བར་དུ་བོད་ཀྱི་འཐབ་རྩོད་གསོན་པོར་གནས་དགོས་ཤིང་།དེའི་ཆེད་བོད་རིགས་གཞོན་སྐྱེས་རྣམས་ནས་མ་འོངས་བོད་དོན་འཐབ་རྩོད་ཀྱི་འགན་ཁུར་དགོས་པའི་ལམ་སྟོན་སོགས་གནང་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།