བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་ཞིབ་བཤེར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་སོང་།
དེང་རབས་ཀྱི་སྤྱི་ཚོགས་ཁྲོད་དཔལ་འབྱོར་དང་ཤེས་ཡོན། འཕྲོད་བསྟེན་སོགས་ལེགས་བཅོས་ཡོང་ཐབས་སུ་ཁྱིམ་མི་ཞིབ་བཤེར་བྱས་པའི་གྲངས་ཐོ་གཞི་བཞག་ཐོག་ནས་འཆར་འགོད་བྱེད་ཀྱི་ཡོད་པ་ལྟར། ལོ་འདིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་མི་ཞིབ་བཤེར་བྱེད་རྒྱུ་རེད་འདུག

ཕྱི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་། ནང་སྲིད། ཤེས་རིག འཕྲོད་བསྟེན་བཅས་ལས་ཁུངས་བཞི་ཡིས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་ལས་གཞི་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
སྐབས་དེར་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས་ཕྱི་ཟླ་༢ ་ཚེས་༡༧ ་དང་༡༨ ་ཉིན་ནས་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་ཁྱིམ་ཐོ་བསྡུ་རུབ་ཀྱི་ཟབ་སྦྱོང་གནང་ནས་བོད་མིིའི་གཞིས་ཆགས་ཁག་ནང་ཁྱིམ་ཐོ་བསྡུ་རུབ་ཀྱི་ལས་གཞི་དངོས་སུ་འགོ་འཛུགས་རྒྱུ་དང་། ཕྱི་ཟླ་༣ ་པའི་ཟླ་མཇུག་བར་ལས་གཞི་དེ་སྤེལ་རྒྱུ་ཡིན་ཞེས་དང་། དེ་ཡང་ལས་གཞི་དེ་དྲྭ་རྒྱ་ཡོད་སར་ཁ་པར་བརྒྱུད་ནས་བྱེད་རྒྱུ་དང་། དྲྭ་རྒྱ་ཡག་པོ་མེེད་ས་དང་དྲྭ་རྒྱ་མེད་སར་ཤོག་གུའི་ཐོག་ནས་གྲངས་ཐོ་བསྡུ་རྒྱུ་ཡིན་པ་བརྗོད་སོང་། ཁྱིམ་ཐོ་བསྡུ་རུབ་བྱེད་རྒྱུ་དེ་མ་འོངས་ལོ་བཅུའི་སྤྱི་ཚོགས་བདེ་དོན་གྱི་ལས་འཆར་ཡིན་པ་དང་། མི་མང་ལ་ཁེ་ཕན་ག་རེ་ཡོད་དམ་ཟེར་ན། འདས་པའི་ཕྱི་ལོ་༡༩༦༠ ཙམ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་བདེ་དོན་གྱི་ཆེད་དུ་ལས་འཆར་མང་པོ་ཞིག་ལག་བསྟར་བྱས་ཡོད་ཀྱང་། ཁྱིམ་མི་གྲངས་ཐོ་ཡོད་པའི་ཐོག་ནས་ལས་འཆར་རྣམས་ལག་བསྟར་བྱས་མེད་པར་བརྟེན། མ་འོངས་པ་སྤྱི་ཚོགས་བདེ་དོན་གྱི་ལས་འཆར་རྣམས་ཀྱི་ཕན་རླབས་ཆེན་པོ་ཡོང་ཐབས་ཆེད་དུ་ཁྱིམ་མིའི་གྲངས་ཐོ་བསྡུ་རུབ་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་གསུངས་སོང་། དཔེར་ན། ཕྱི་ལོ་༢༠༡༧ ལོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་འཕྲོད་བསྟེན་དང་འབྲེལ་བའི་སྨན་ཞབས་པའི་སྐོར་བསྐྱོད་དང་། བྱིས་པ་ལོ་ལྔའི་འོག་ཏུ་ཡོད་པ་དག་ལ་ཁབ་རྒྱག་རྒྱུའི་ལས་གཞི། བུད་མེད་ཀྱི་ནད་གཞི་ལྟ་སྐྱོང་དང་འབྲེལ་བའི་ལས་གཞི་སོགས་ཀྱི་གྲངས་ཐོ་བསྡུ་རུབ་བྱས་ཡོད་པར་བརྟེན། གྲངས་ཐོ་དེ་ལ་བརྟེན་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ལས་འཆར་ཁག་ལག་བསྟར་དོན་ཕན་ལྡན་པ་ཡོང་ཐུབ་ཀྱི་ཡོད་པ་བརྗོད་གནང་སོང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་གཞིས་ཆགས་ཁག་དང་བོད་མི་གནས་སྡོད་ཡོད་རིགས་ཚང་མས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་དེ་ལ་མཉམ་རུབ་ཐོག་ནས་ཁྱིམ་མི་ཐོ་འགོད་བྱེད་རྒྱུ་གལ་ཆེ་ཡིན་པ་བརྗོད་གནང་སོང་། གསར་འགོད་པས་ཁྱིམ་མི་ཞིབ་བཤེར་དང་མི་འབོར་གྲངས་བཤེར་གཉིས་བར་ཁྱད་པར་ག་རེ་ཡོད་མེད་དྲིས་པར། མི་འབོར་ཞིབ་བཤེར་ཟེར་དུས་ཉིན་གྲངས་གཉིས་གསུམ་ནང་རྒྱ་གར་རྒྱལ་ཡོངས་ནང་ཡོད་པའི་བོད་མི་ཚང་མའི་གྲངས་ཐོ་དེ་དུས་གཅིག་ནང་བསྡུ་རུབ་བྱེད་དགོས་ཀྱི་ཡོད་པ་དང་། ཁྱིམ་མི་ཞིབ་བཤེར་ཟེར་དུས་དུས་ཡུན་ཏོག་ཙམ་རིང་པོའི་ནང་ཁྱིམ་མི་ག་ཚོད་ཡོད་མེད་ཀྱི་གྲངས་ཐོ་བསྡུ་རུབ་བྱེད་དགོས་ཀྱི་ཡོད་པ་བརྗོད་སོང་།
གསར་འགོད་པས་ཁྱིམ་མིའི་གྲངས་ཐོ་བསྡུ་རུབ་ཀྱིས་བོད་ནས་རྒྱ་གར་ལ་རྗེས་སུ་འབྱོར་བ་དང་། ཁང་པ་མེད་མཁན་དག་གི་གྲངས་ཐོ་རག་ཐབས་ལ་ཕན་ཐོགས་ཇི་ཡོད་དྲིས་པའི་ལན་དུ། ཕྱི་ལོ་༢༠༢༢ ནས་༢༠༢༣ གྱི་ལོ་མཇུག་བར་ཁང་པ་མེད་མཁན་དག་གི་གྲངས་ཐོ་བོད་མིའི་སྒྲིག་འཛུགས་ལ་འབུལ་དགོས་པའི་གསལ་བསྒྲགས་ཐེངས་མང་སྤེལ་ཡོད་པ་དང་། ད་བར་གྲངས་ཐོ་མང་པོ་འབྱོར་ཡོད་པར་བརྟེན་ཁང་པ་མེད་མཁན་རྣམས་ཀྱི་གྲངས་ཐོ་བོད་མིའི་སྒྲིག་འཛུགས་ལ་འབྱོར་ཡོད་པ་བརྗོད་གནང་སོང།
གསར་འགོད་པ། བསོད་ནམས་ཕུན་ཚོགས།