བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་གཞུང་འབྲེལ་ཕྱོགས་ཕེབས། 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཕྱི་ཟླ་༤ ཚེས་ ༤ ནས་ཚེས་ ༢༡ གི་སྔ་དྲོ་བར། ཁེ་ན་ཌ་དང་། ཨ་རི་གཉིས་སུ་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། གནད་ཡོད་མི་སྣ་བཅས་མཇལ་འཕྲད་གནང་རྒྱུ། གཞན་ཡང་བསམ་མཛོད་ལྟེ་གནས་ཁང་དུ་ཚོགས་འདུ་དང་། བོད་རིགས་མང་ཚོགས་དང་ཐུག་འཕྲད་གནང་རྒྱུ་བཅས་རེད་འདུག་པ་བཞིན། ཕྱི་ཚེས་༥ ཉིན་སྲིད་སྐྱོང་སྤེན་ཚེ་རིང་ཁེ་ཎ་ཊར་ཕེབས་འབྱོར་བྱུང་ཡོད་པ་དང་། ཐེངས་འདིར་བྱང་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་ཕེབས་དོན་གཙོ་བོ་ནི། ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་འཚོལ་རྒྱུ་དང་གཏན་འབེབས་ཡོང་ཐབས་བཅས་ཀྱི་ཆེད་ཡིན་འདུག་པ་དང་། ཞོར་དུ་ཁེ་ཎ་ཊའི་ནང་འཚམས་གཟིགས་ཕེབས་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། གནད་ཡོད་མི་སྣ་སོགས་ལ་མཇལ་འཕྲད་གནང་རྒྱུ་དང་། གཙུག་ལག་སློབ་ཆེན་ནང་གཏམ་བཤད། བོད་རིགས་མང་ཚོགས་དང་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་མཛད་རིམ་ལྟར། ཟླ་འདིའི་ཚེས་༦ ཉིན་ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོའི་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་མི་མང་རྣམས་ལ་བོད་མིའི་སྒྲིག་འཛུགས་དང་བོད་དོན་འཐབ་རྩོད་བྱེད་ཕྱོགས་སོགས་དང་འབྲེལ། དབུ་མའི་ལམ་གྱི་བྱུང་འཕེལ་དང་དེའི་གལ་གནད། སྲིད་བྱུས་འདི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཀར་འགྱུར་བ་གཏང་ཆོག་ཆོག་མེད་ཚུལ་སོགས་དང་། དེ་བཞིན་བོད་མི་ཚོས་༧གོང་ས་མཆོག་གི་བཀའ་དྲིན་དང་བཀའ་སློབ་སེམས་ལ་བཅངས་ཏེ་ཞབས་ཞུ་སྒྲུབ་རྒྱུ་གལ་ཆེ་བ།  བོད་དོན་ཐོག་སྔོན་ཆད་རྒྱལ་ཁབ་ཁག་ལ་འབྲེལ་བ་གནང་མ་ཐུབ་པར་ལྷག་པའི་ཁོངས་ནས་མེག་སི་ཀོ་དང་སྦར་ཛིར་བཅས་སུ་ཕྱོགས་ཕེབས་གནང་རྒྱུའི་གོ་སྐབས་བྱུང་བ་དེ་བོད་དོན་རྒྱབ་སྐྱོར་ཐབས་འཚོལ་བྱ་རྒྱུར་ཕན་ཐོགས་བྱུང་བའི་སྐོར། བྱང་ཨ་རིའི་ནང་དུ་མཚོན་ན་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་གནས་སྟངས་ཡར་རྒྱས་འགྲོ་བཞིན་ཡོད་ནའང་། དེའི་ཁུལ་གྱི་ཚོགས་པ་ཆེ་བ་ཚོས་ས་གནས་དང་ཚོགས་པ་ཆུང་བ་ཚོར་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ་བ་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་འདུག གཞན་ཡང་ཊོ་རོན་ཊོ་གངས་ལྗོངས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་སློབ་དང་གཞོན་སྐྱེས་རྣམས་ལ་མཇལ་འཕྲད་ཀྱིས་བོད་ཀྱི་ཁོར་ཡུག་དང་རྒྱུག་ཆུ་སོགས་ཀྱི་གལ་གནད་སྐོར་འགྲེལ་གནང་ཡོད་འདུག་ལ། ས་གནས་ཆོས་ཚོགས་དགོན་སྡེ་ཁག་གི་འགན་འཛིན་ལྷན་དུ་མཇལ་འཛོམས་ཀྱིས། ༧གོང་ས་མཆོག་གི་ཡང་སྲིད་ཐད་ཆོས་ཚོགས་སོ་སོས་གྲོས་ཆོད་གཅིག་བཞག་སྟེ་དོན་གཅོད་ལ་ཕུལ་ན་རྗེས་སུ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར། དེ་བཞིན་ལོ་རྗེས་མར་༧གོང་ས་མཆོག་གི་སྐུའི་གོ་སྟོན་སྲུང་བརྩི་ཞུ་རྒྱུ་སོགས་ཀྱི་ཐད་བཀའ་མོལ་གནང་འདུག་ཅིང་། གཞན་ཡང་སྲིད་སྐྱོང་ནས་ཟླ་འདིའི་ཚེས་༡༡ བར་ཁེ་ན་ཊའི་བོད་རིགས་མི་མང་རྣམས་ལ་ཐུག་འཕྲད་གནང་རྒྱུ་ཡིན་འདུག


གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ཟླ་འདིའི་ཚེས་༨ ནས་༡༢ བར་ལྡི་ལི་དང་ཧི་མ་ཅལ་དུ་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་སྨན་རི་གླིང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་རེད་འདུག དེ་ཡང་ཚེས་༩ ཉིན་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ལ་དྭགས་བླ་མ་བློ་བཟང་གི་དྲན་རྟེན་ཐུགས་གསོའི་ཚོགས་འདུར་ཞུགས་རྒྱུ་དང་། དེའི་རྗེས་རྒྱ་གར་མངའ་སྡེ་ཧི་མ་ཅལ་དུ་རྟེན་གཞི་བྱས་པའི་བོན་གཞིས་ཌོ་ལན་ཇི་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ། ༧རྒྱལ་བ་སྨན་རི་བའི་སྐུ་ཐོག་རེ་རེར་སྨན་རིའི་སྒྲུབ་ཆེན་ནམ་བདུད་རྩི་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་ཆེན་རེ་འཚོགས་སྲོལ་ཡོད་འདུག་པ་བཞིན། ཚེས་༡༡ ཉིན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤ པ་དབུ་བཞུགས་ཐོག་སྒྲུབ་ཆེན་དབུ་འབྱེད་ཀྱི་མཛད་སྒོ་རེད་འདུག་པས། སྤྱི་འཐུས་ཚོགས་གཙོ་དེར་མཉམ་ཞུགས་གནང་རྒྱུ་ཡིན་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།