བོད་འབྲེལ་གྱི་དངོས་བྱུང་གཞིར་བཟུང་གློག་བརྙན་ཞིག་ལ་ཆེས་མཐོའི་ངོས་འཛིན།
བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་དངོས་བྱུང་གཞིར་བཟུང་གློག་བརྙན་“རང་བཙན་”ཞེས་པ་ཞིག་ལ། བྷེང་ལོར་དང་ལྡི་ལི། དབྱིན་ཡུལ་སོགས་ཀྱི་གློག་བརྙན་དུས་སྟོན་ཐོག་ཆེས་མཐོའི་ངོས་འཛིན་ཐོག་བྱ་དགའ་གསུམ་ཐོབ་ཡོད་འདུག
ཟླ་འདིའི་ཚེས་༡༣ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་གྲོང་ཁྱེར་བྷེང་ལོར་དུ་གནས་སྡོད་བྱེད་མཁན་རྒྱ་གར་གྱི་གཞོན་སྐྱེས་གསུམ་གྱིིས། བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་དུས་ཐུང་སྐར་མ་༣༩ ཅན་གྱི་དངོས་བྱུང་གཞིར་བཟུང་གློག་བརྙན་“རང་བཙན”ཞེས་པ་ཞིག་བཟོས་ཡོད་འདུག
གློག་བརྙན་བཟོ་མཁན་ལོ་༢༦ ཡིན་པའི་སན་ཏོ་ཤེ་དང་། ༢༤ ཡིན་པའི་ཨེ་མན། སུ་མི་ཌེ་བཅས་གསུམ་ནི་བྷེང་ལོར་དུ། བོད་པའི་སློབ་མ་མང་པོ་སློབ་སྦྱོང་བྱེད་ཡུལ་སེན་ཇོ་སེབ་(ST JOSEP) མཐོ་སློབ་ཀྱི་སློབ་ཟུར་ཡིན་པ་དང་། གློག་བརྙན་དེར་བྷེང་ལོར་གྱི་དུས་ཐུང་གློག་བརྙན་དུས་སྟོན་ལ། དངོས་བྱུང་གཞིར་བཟུང་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་ཁར། དྷི་ལིའི་པེར་ཡཱག་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ། ཟུར་དཔང་གི་དམིགས་བསལ་བྱ་དགའ་དང་། དབྱིན་ཡུལ་དུ་རཱིལ་རྒྱལ་སྤྱིའི་དུས་སྟོན་དུ། ཚོགས་བཅར་མི་མང་གི་དགའ་ཤོས་གློག་བརྙན་གྱི་བྱ་དགའ་ཡང་ཐོབ་ཡོད་འདུག དེ་བཞིན་རྒྱལ་ནང་དང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོ་ཞིག་ནང་འདེམས་ཐོན་བྱུང་ཡོད་འདུག
གློག་བརྙན་བཟོ་མཁན་སན་ཏོ་ཤེ་ཡིས་བརྒྱུད་ལམ་ཁག་ཏུ། བོད་པའི་འཐབ་རྩོད་ཀྱི་ངོ་རྒོལ་ལས་འགུལ་ཁག་བརྒྱུད་ལམ་ཁག་ཏུ་ཁྱབ་ཆེན་པོ་སྤེལ་གྱི་ཡོད་ཀྱང་། རྒྱ་གར་དུ་གནས་སྡོད་བྱེད་མཁན་བོད་མི་རྣམས་ཀྱི་མི་རིགས་ཀྱི་ངོ་བོ་ལ་དཀའ་ངལ་གང་འདྲ་འཕྲད་ཀྱི་ཡོད་པའི་སྐོར་ལ་ཉམས་ཞིབ་བྱས་མེད་པས། གནད་དོན་དེའི་ཐད་ལ་དོ་སྣང་ཆེན་པོ་དགོས་པ། དེ་བཞིན་མི་མང་པོ་ཞིག་གིས་བོད་མི་རྣམས་མི་རིགས་ལོགས་ཁ་ཡིན་པར་ངོས་འཛིན་མི་བྱེད་པར། རྒྱ་ནག་དང་བྱང་ཤར་མི་རིགས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག
གློག་བརྙན་དེའི་ནང་རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ཀྱི་འཚོ་བ་དང་། བོད་མིའི་འཐབ་རྩོད་དང་འབྲེལ་བའི་སྐོར་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།
གློག་བརྙན་སྙིང་བསྡུས།