བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དགུ་པ་འཚོགས།

ཟླ་འདིའི་ཚེས་ ༢༧ ལ་དུས་ཡུན་ཉིན་གཉིས་རིང་གི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་ཐེངས་དགུ་པའི་དབུ་འབྱེད་མཛད་སྒོ་དེ་དྷ་སྟེང་བོད་ཁྱིམ་དུ་འཚོགས་འདུག་པ་དང་། སྐབས་དེར་ཚོགས་པ་ཁག་གི་སྐུ་ཚབ་རྣམས་མཉམ་ཞུགས་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་ཚེ་རིང་དབྱངས་ཅན་མགྲོན་འབོད་ལྟར་ཆེད་ཕེབས་གནང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ལྗགས་ཀློག་གནང་ཡོད་འདུག
གསུང་བཤད་ཀྱི་ནང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བྱུང་རིམ་སྐོར་ལས། ཕྱི་ལོ་ ༡༩༩༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། “བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གཞི་རྩའི་ལྟ་བ་དང་དམིགས་ཡུལ་གཅིག་པ་ཡིན་པ་གང་ཞིག་ལ། ནང་གི་དམིགས་ཡུལ་མང་གཙོའི་ལྟ་གྲུབ་ཡོད་པའི་ཚོགས་པ་དེ་འདྲ་དགོས་ཀྱི་རེད།” ཅེས་བཀའ་སློབ་ཕེབས་དོན་ལྟར། ཕྱི་ལོ་ ༡༩༩༢ ལོར་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འཛུགས་རྒྱུ་གཏན་འབེབས་བྱས་ནས། ཕྱི་ལོ་ ༡༩༩༤ ལོར་སྲིད་དོན་ཚོགས་པའི་ངོ་བོར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་དངོས་སུ་གསར་འཛུགས་གནང་བའི་སྐོར་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་༣༠ རིང་ལ་ཆོལ་ཁ་དང་ཆོལ་ལུགས་ཀྱི་ཕྱོགས་ཞེན་དུ་མ་སོང་བར་བོད་མི་གཞོན་སྐྱེས་ཀྱིས་གཙོས་མང་ཚོགས་བསྡུ་འཛོམས་སར་ཆེད་ལས་པ་དང་། གནད་ཡོད་མི་སྣ་གདན་ཞུས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ཆབ་སྲིད་ཀྱི་གོ་རྟོགས་གོང་མཐོར་གཏོང་ཆེད། གཏམ་བཤད་དང་། བགྲོ་གླེང་། ཟབ་སྦྱོང་སོགས་གང་མང་གོ་སྒྲིག་ཞུས་པ་དང་། བོད་དོན་བདེན་མཐའ་གསལ་ཐབས་ཆེད་ཞི་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་གཞན་དང་མི་འདྲ་བར་དམིགས་བསལ་གྱིས་ཚོགས་པ་འདི་ནས་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་མི་མང་གི་ཐད་ཀའི་འོས་བསྡུའི་སྐབས་བཀའ་བློན་ཁྲི་པའམ་སྲིད་སྐྱོང་དང་། ཆོལ་ཁ་གསུམ་གྱི་སྤྱི་འཐུས་བཅས་ཀྱི་འོས་མི་བཏོན་ནས་མི་མང་ལ་འཚམས་སྦྱོར་དྲིལ་བསྒྲགས་དང་། རྗེས་སུ་མི་མང་ལ་འོས་བསྡུ་དང་འབྲེལ་བའི་ལས་རིམ་ལ་མཉམ་ཞུགས་དང་འགན་འཁུར་དགོས་པའི་བགྲོ་གླེང་གཏམ་བཤད་གོ་སྒྲིག་མུ་མཐུད་གནང་ཡོད་པ་སོགས་སྔ་རྗེས་ལས་འགུལ་རྒྱ་ཆེར་སྤེལ་གནང་གི་ཡོད་པ་ལ་བསྔགས་བརྗོད་སོགས་གནང་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
