བོད་སོག་ཆིངས་ཡིག་བཞག་ནས་ལོ་ངོ་༡༡༠ འཁོར་བའི་དུས་དྲན་གྱི་ཚོགས་འདུ།
ཟླ་འདིའི་ཚེས་༡༥ ཉིན་ཉི་ཧོང་དུ་ལྷོ་སོག་ལྷན་ཚོགས་དང་། ཉི་འོང་སྐུ་ཚབ་དོན་ཁང་། ཐའི་ཝན་མང་གཙོའི་སློབ་གྲྭ་གསར་པ་མཉམ་སྦྲེལ་གྱི་གོ་སྒྲོག་འོག ཕྱི་ལོ་ ༡༩༡༣ ལོའི་བོད་སོག་ཆིངས་ཡིག་བཞག་ནས་ལོ་ངོ་༡༡༠ ་འཁོར་བའི་དུས་དྲན་དང་བསྟུན། བོད་སོག་རིག་གཞུང་དང་ཆོས་ཕྱོགས་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག

སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་ཚོགས་འདུ་འདི་ལྟ་བུ་ཞིག་གོ་སྒྲིག་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་འབྲེལ། བོད་དང་སོག་པོའི་ལོ་རྒྱུས་དང་ཆོས་ཕྱོགས་ཀྱི་འབྲེལ་ལམ་སྐོར་ངོ་སྤྲོད་གནང་བ་དང་། ཕྱི་ལོ་༡༩༡༣ ་ལོའི་བོད་སོག་ཆིངས་ཡིག་དེ་བོད་དང་སོག་པོའི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་དཔང་རྟགས་ཡིན་སྐོར་གསལ་བཤད་གནང་ཡོད་འདུག
བགྲོ་གླེང་ཚོགས་འདུ་དེ་ཉིད་ཚོགས་ཐུན་གསུམ་དུ་ཕྱེས་ཏེ། ཕྱི་ལོ་༡༩༡༣ ལོའི་བོད་སོག་མཛའ་འབྲེལ་ཆིངས་ཡིག་གི་གལ་གནད་སྐོར་དང་། བོད་སོག་གི་ལོ་རྒྱུས་དང་རིག་གཞུང་འབྲེལ་ལམ་དང་དེའི་གལ་གནད་སྐོར། ད་ལྟའི་བོད་དང་སོག་པའི་གནས་སྟངས་དང་། ཡོང་འགྱུར་བོད་སོག་མཉམ་འབྲེལ་བྱེད་ཕྱོགས་ཀྱི་སྐོར་བགྲོ་གླེང་ལྷུག་པོ་གནང་ཡོད་འདུག

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་སོག་པོ་དང་། ཐེ་ཝན། བོད་མིའི་མཁས་པ་བཅོ་ལྔ་མཉམ་ཞུགས་ཀྱིས་བོད་སོག་ཀྱི་ལོ་རྒྱུས་གནས་བབ་ཐོག་བགྲོ་གླེང་དང། ཕྱི་དྲིལ་བཀའ་བློན་མཆོག་གིས་མཁས་པ་རྣམས་ནས་གསུང་བཤད་དང་དཔྱད་རྩོམ་སྒྲོགས་སྦྱང་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པའི་གནས་ཚུལ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་བཀོད་འདུག
བོད་སོག་ཆིངས་ཡིག་ནི་ཕྱི་ལོ་༡༩༡༣ ལོར་སོག་པོའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་ལས་ཚབ་ནིག་ཏ་སྦི་ལེག་ཐུ། ཏཱ་བླ་མ་རབ་བརྟན་དང་། དམག་སྤྱི་བློན་ཆེན་གྱི་ལས་རོགས། མན་ལི་ཀ་ཀྲར། སྦི་ཙུ། གྲམ་ཀྲིན་འུ་རུན་དང་། བོད་གཞུང་གི་ཕྱོགས་ནས་༧སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་ཚབ་སྐུ་བཅར་མཚན་ཞབས་མཁན་ཆེ་བློ་བཟང་ངག་དབང་། དངུལ་ཁང་དོ་དམ་མགྲོན་གཉེར་ངག་དབང་ཆོས་འཛིན། དྲུང་ཡིག་དགེ་འདུན་རྒྱལ་མཚན་བཅས་རང་དབང་ལྡན་པའི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་སྐུ་ཚབ་སོག་པོའི་རྒྱལ་ས་ཨོ་ལན་སྦ་ཐུར་དུ་ལྷན་འཛོམས་ཀྱིས། བོད་དང་སོག་པོ་གཉིས་མན་ཇུ་༸གོང་མའི་དབང་འོག་ནས་ཐོན་པའི་རང་དབང་རང་བཙན་གྱི་གཞུང་ཞིག་ཡིན་པ་དང་། བོད་སོག་གཞུང་གཉིས་ཕན་ཚུན་ཆོས་ལུགས་གཅིག་པ་དང་། དེ་སྔོན་གྱི་གྲོགས་པོའི་མཐུན་ལམ་ཉེ་རུ་གཏང་རྒྱུ། ཁལ་ཁ་རྗེ་བཙུན་དམ་པ་སོག་པོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་གཙོ་བོ་ཡིན་པ་བོད་རྒྱལ་ཁབ་ཁབ་ཀྱི་དབུ་ཁྲིད་ནས་ཁས་ལེན་དང་ཆ་འཇོག་གནང་རྒྱུ་དང་། ༧གོང་ས་ཏཱ་ལའི་བླ་མ་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་སོག་པོའི་གཞུང་ནས་ཁས་ལེན་གནང་རྒྱུ་གཙོས་བོད་སོག་རྒྱལ་ཁབ་གཉིས་གོ་བསྡུར་ནན་ཏན་གནང་སྟེ་ནང་བསྟན་དར་རྒྱས་ཀྱི་ཐབས་ལ་དགོངས་བཞེས་གནང་རྒྱུ་མ་ཟད། དེ་ནས་བཟུང་བོད་དང་། སོག་པོའི་རྒྱལ་ཁབ་ལ་ཕྱི་དགྲ་དང་ནང་དགྲ་གང་ནས་བྱུང་རུང་གཅིག་གིས་གཅིག་ལ་རྒྱུན་དུ་རོགས་རམ་གནང་རྒྱུ། བོད་དང་སོག་པོའི་ས་ཆའི་ཐོག་ལ་ཚོང་སོགས་ཀྱི་གཞུང་སྒེར་འགྲུལ་མི་རྣམས་ལ་སྲུང་སྐྱོབ་དང་། རོགས་རམ་བྱེད་རྒྱུ། བོད་དང་སོག་པོའི་རྒྱལ་ཁབ་གཉིས་སོ་སོའི་ལུང་པའི་ཐོན་ཟོག་དང་སེམས་ཅན་སོགས་སྔར་རྒྱུན་བཞིན་ཚོང་ཇི་ཡོད་རྒྱག་རྒྱུ། ཆོས་དང་ཤེས་རིག དེ་བཞིན་ལག་ཤེས་བཟོ་གྲྭ་སོགས་ཡར་རྒྱས་གཏང་རྒྱུས་མཚོན་དོན་ཚན་དགུ་ལ་ལག་རྟགས་དང་དམ་ཕྲུག་བརྒྱབས་ཡོད་པ་རེད།
གསར་འགོད་པ། བློ་བཟང་རྒྱ་མཚོ།
