བོན་གྱི་གདན་ས་སྨན་རིའི་གླིང་དུ་སྐབས་ ༢༢ པའི་དགེ་བཤེས་མཛད་སྒོ་འཚོགས་པ།

བོད་ཤིང་འབྲུག་ལོའི་བོད་ཟླ་ ༡ ཚེས་ ༡༠ དང་། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ པའི་ཚེས ༡༩ ཉིན་གདན་ས་སྨན་རིའི་གླིང་གི་སྐབས་ཉེར་གཉིས་པའི་དགེ་བཤེས་བཛད་སྒོ་དབུ་འཛུགས་གནང་འདུག་འདི་ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་གནང་མཁན་བཀའ་རམས་པ་ ༡༧ ཡོད་འདུག

གདན་ས་སྨན་རིའི་གླིང་འདིར་སྤྱི་ལོ་ ༡༩༧༨ ལོར་མཚན་ཉིད་དབུ་འཛུགས་གནང་ནས་ད་བར་དགེ་བའི་བཤེས་གཉེན་གྱི་ཞལ་གྲངས་ ༡༦༨ ཟིན་འདུག་ལ་དེ་ཡང་དགེ་བའི་བཤེས་གཉེན་རྣམས་ཐོག་མར་སྡུད་གྲྭ་ནས་དབུ་བརྩམས་ཏེ་དགེ་བཤེས་མ་ཐོན་བར་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་བརྡ་དག་སྙན་ངག་དང་རྩིས་སྐར་ནག་སོགས་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་རྣམས་དང་། འདོན་འཕྲིན་ལས་འབུད་རྡུང་དཀྲོལ་གསུམ་སོགས་སྦྱོང་བྱའི་བཅུ་རིག་གནས་ལ་སློབ་གཉེར་གནང་མཐར་བགྲང་བྱ་ཉི་ཤུ་ཡར་མར་ཙམ་ནས་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་གནས་བསྩལ་གནང་ཡོད་པ་ལྟར།

འདི་ལོར་ གོང་ཚེས་ཉིན་ནས་ཉིན་གྲངས་བདུན་གྱི་རིང་སྐབས་ ༢༢ པའི་དགེ་བཤེས་མཛད་སྒོ་འཚོགས་གནང་འདུག དེ་ཡང་ཉིན་དང་པོ་ནས་བཞི་པའི་བར་རིམ་པར་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམས་དབུ་བཞུགས་དང་སེར་སྐྱ་འདུས་མང་ཚང་འཛོམས་ཐོག སྔ་དྲོར་ ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཚིག་བཤད་ཉི་ཟེར་གཞའ་འོད་གུར་ཁྱིམ་དབྱངས་སུ་གྱེར་གནང་བ་དང་། དགེ་བཤེས་ཀྱི་མཚན་རྟགས་བཞེས་མཁན་རྣམས་ཀྱིས་སྔོན་འགྲོའི་གཞུང་བཤད་གྱེར་གནང་བ་དང་། གཏོང་སྒོ་ཆེན་མོའི་དམ་ཐུག་དང་འགྱེད་སྐལ་སོགས་གནང་བ་དང་། ཉིན་ལྔ་པ་དང་དྲུག་པར་སྔ་དྲོར་དམ་བཅའི་རྒྱུགས་སྤྲོད་ཕུལ་ཞིང་། ཕྱི་དྲོར་རྩོད་རྒྱུགས་དམ་བཅའ་ཆེན་མོ་བཞུགས་གནང་ཞིང་།

ཉིན་བདུན་པར་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམས་པ་དབུ་བཞུགས་དང་དམིགས་བསལ་སྐུ་མགྲོན་རང་གཞུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཆོས་རིག་དྲུང་ལས་བསོད་ནམས་སྟོབས་རྒྱལ་ལགས་ཆེད་ཕེབས་གནང་འདུག་ལ། སྔ་དྲོར་བོན་སྤྱི་དང་ཆོས་རིག་དྲུང་ལས་སོགས་སྐུ་མགྲོན་ཆེ་ཁག་དང་བོན་གཞིས་སེར་སྐྱ་མང་ཚོགས་ཀྱིས་བོན་དར་དང་ཚན་པ་གང་འབྱོར་རེ་བསྣམས་ཏེ་བསྟར་འཕྲེང་བསྒྲིགས་ཏེ་བཀའ་རམས་པ་རྣམས་གདན་ཞུས་བྱས་ཡོད་པ་དང་།

ཉིན་དེར་༸ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ནས་དགེ་བཤེས་ཀྱི་ཕྱག་འཁྱེར་དང་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་རྟེན་འབྲེལ་གྱི་མགུལ་དར་དང་དགེ་བཤེས་ཀྱི་མཚན་རྟགས་སོགས་བསྩལ་གནང་མཚམས། དགེ་བའི་བཤེས་གཉེན་རྣམས་སྐལ་བཟང་ཁྲི་བཞེངས་དང་སེར་སྐྱ་མི་མང་ཀུན་གྱི་མཇལ་དར་སྒྲོན་འབུལ་གནངས་ཏེ་སྐབས་ ༢༢ པའི་དགེ་བཤེས་མཛད་སྒོ་ཆེན་མོ་དེ་ཉིད་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་མཇུག་གྲུབ་ཡོད་པ་རེད་འདུག
གནས་ཚུལ་དང་པར་རིས་མཁོ་སྤྲོད་གནང་མཁན་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཀྱི་གཙོ་སྒྲུབ་པ་གཡུང་དྲུང་ཉི་མ།



