བྱང་ཀོ་རེ་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་ཨུ་རུ་སུ་ལ་འབྱོར་ཡོད་འདུག

ཉེ་ཆར་བྱང་ཀོ་རེ་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་ཨུ་རུ་སུ་ལ་འགྲོ་རྒྱུ་ཡིན་པར་བརྗོད་པ་བཞིན་དེ་རིང་ཨུ་རུ་སུ་ལ་འབྱོར་ཡོད་འདུག་ལ། ཨུ་རུ་སུའི་སྲིད་འཛིན་དང་བྱང་ཀོ་རེ་ཡའི་སྲིད་འཛིན་གཉིས་ཀྱིས་དམག་དོན་ཚོང་འབྲེལ་སྐོར་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་བཞིན་འདུག

ཕྱི་ཚེས་༡༢ ཉིན་ལྷོ་ཀོ་རེ་ཡའི་བདེ་སྲུང་ལྷན་ཁང་གིས་བརྗོད་དོན་ལ་ཕྱི་ཚེས་༡༢ ཉིན་གྱི་ཞོགས་པ་སྔ་པོར་བྱང་ཀོ་རེ་ཡའི་སྲིད་འཛིན་ཀེམ་ཇོང་ཨན་ཁོའི་སྒེར་གྱི་མེ་འཁོར་བརྒྱུད་ནས་ཨུ་རུ་སུ་ལ་འབྱོར་ཡོད་པ་དང་། ཨུ་རུ་སུའི་གཞུང་འབྲེལ་གསར་ཁང་(Ria Novosti) ཟེར་བས་བརྗོད་དོན་ལ། བྱང་ཀོ་རེ་ཡ་ནས་ཨུ་རུ་སུ་ས་ཆ་(Primorsky)ནང་འབྱོར་ཡོད་པ་བརྗོད་འདུག འོན་ཀྱང་། ཨུ་རུ་སུའི་སྲིད་འཛིན་དང་ཐུག་འཕྲད་ག་དུས་བྱེད་མིན་དང་གང་དུ་བྱེད་མིན་ཁ་གསལ་གང་ཡང་བརྗོད་ཡོད་མི་འདུག པར་ནང་མཐོང་བ་ལྟར་ན་ཨུ་རུ་སུའི་དམག་དཔོན་རྣམས་ཀྱིས་མེ་འཁོར་འབབ་ཚུགས་སུ་ཡོང་ནས་ཀེམ་ཇོང་ཨན་ལ་སྣེ་ལེན་ཟབ་རྒྱས་བྱས་ཡོད་འདུག ཐེངས་འདིའི་ཀེམ་ཇོང་ཨན་གྱི་ལྟ་སྐོར་དེ་ཏོག་དབྱིབས་ནད་དུག་བྱུང་བ་ནས་ཕྱི་ཕྱོགས་སུ་ལྟ་སྐོར་ལ་འགྲོ་བ་དང་པོ་དེ་ཡིན་འདུག བྱང་ཀོ་རེ་ཡའི་ནང་འདས་པའི་ལོ་གསུམ་ནང་འཕྲོད་བསྟེན་གྱི་མ་ལག་དོ་ཕོག་མི་འགྲོ་བའི་ཆེད་དུ་ཡིན་ཚུལ་བརྗོད་ནས་ས་མཚམས་སུ་དམ་དྲག་ཆེན་པོ་བྱས་ཡོད་འདུག ཀེམ་ཇོང་ཨན་མེ་འཁོར་བརྒྱུད་ནས་ཕྱིན་ཡོད་པ་ལས་གནམ་གྲུ་ནས་ཕྱིན་ཡོད་མི་འདུག རྒྱུ་མཚན་ནི་ཀེམ་ཇོང་ཨན་རང་ཉིད་ཀྱི་བདེ་འཇགས་ཆེད་ཡིན་པ་དང་། གནམ་གྲུའི་ནང་སོང་ན་གཞན་གྱིས་གཏོར་རྒོལ་བྱེད་ཡོང་བསམ་ནས་དོགས་པ་བྱེད་བཞིན་ཡོད་ཚུལ་རྗོད་བཞིན་འདུག མེ་འཁོར་ནང་བདེ་འཇགས་སྲུང་སྐྱོབ་ཧ་ཅང་དམ་པོ་བྱས་ཡོད་འདུག ད་ཐེངས་འགོ་ཁྲིད་གཉིས་ཀྱི་མཇལ་འཛོམས་དེ་ཨུ་རུ་སུ་ལ་གོ་མཚོན་ཚོང་འབྲེལ་ཡིན་ཚུལ་རྗོད་བཞིན་འདུག་ལ། ད་ཆར་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱིས་དམག་འཁྲུག་རྒྱག་བཞིན་ཡོད་པར་བརྟེན། ཨུ་རུ་སུ་ལ་གོ་ལག་གི་འདང་གི་མེད་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་ཀྱི་འདུག རྒྱུ་མཚན་གཞན་ཞིག་ནི་ཨུ་རུ་སུ་དང་བྱང་ཀོ་རེ་ཡ་གཉིས་ཀ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་པའི་རྐྱེན་གྱིས། ད་ཆར་ཨུ་རུ་སུ་དང་བྱང་ཀོ་རེ་ཡ་གཉིས་གྲོགས་མེད་ཁེར་རྐྱང་ལྟ་བུར་གྱུར་ཡོད་པས། ཨུ་རུ་སུ་དང་བྱང་ཀོ་རེ་ཡ་གཉིས་འཆམ་པོ་བྱས་ན་ཁེ་ཕན་ཡོད་པ་མཐོང་ནས་དེ་རིང་ཀེམ་ཇོང་ཨན་ཨུ་རུ་སུར་ཕྱིན་ཡོད་པ་རྗོད་བཞིན་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།