བྱང་ཨ་རིའི་བོད་ཕྲུག་གི་གཟའ་མཇུག་བོད་ཡིག་སློབ་དེབ་དབུ་འབྱེད།
བོད་མིའི་ངོ་བོ་བརླག་པ་ཡིན་ན། ཕྱིས་སུ་ཆེ་མཐོང་ཐོབ་པ་ཡིན་ནའང་བོད་པ་ཞེས་ཁ་ཙམ་མ་གཏོགས་གཞི་རྩའི་ངོ་བོ་བརླག་པ་དང་། བོད་རྒྱལ་ཁབ་བརླག་འགྲོ་གི་རེད། བོད་ཀྱི་དཔལ་ཡོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྔོན་དང་རྗེས་སུ་སྐུ་ལས་བསྐྱོན་ཏེ་བོད་ཀྱི་དཔལ་ཡོན་འདི་རེད། བོད་ཀྱི་ཆོས་དང་རིག་གཞུང་འདི་འདྲ་རེད་ཅེས་འཛམ་གླིང་ལ་ངོམ་སོ་ཆོག་པའི་མ་རྩ་ལྟ་བུ་འདི་བརླག་འགྲོ་གི་ཡོད་ཅེས་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།
ཟླ་འདིའི་ཚེས་༣༠ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བྱང་ཨ་མེ་རི་ཀའི་ས་ཁུལ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་དུ་གཟའ་མཇུག་སློབ་གྲྭའི་བོད་ཡིག་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་དེབ་གསུམ་དབུ་འབྱེད་གནང་སོང་།
དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱུས། ཤེས་ཡོན་འགན་འཛིན་ཚེ་རིང་བསམ་འགྲུབ་བཅས་ཕེབས་ཡོད་པ་དང་། སློབ་དེབ་དེ་ཚོ་ཤེས་རིག་ལས་ཁུངས་དང་བྱང་ཨ་རི་སྐུ་ཚབ་དོན་གཅོད་མཉམ་འབྲེལ་གྱིས་ཨ་རིའི་གཟའ་མཇུག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་དེབ་རྩོམ་སྒྲིག་ཞུས་དང་ཞུ་བཞིན་པའི་ལས་འཆར་གྱི་ཆ་ཤས་ཤིག་ཡིན་པ་དང་། དེ་བཞིན་ཡུ་རོབ་དང་ཨོ་སི་ཁྲི་ལི་ཡ་སོགས་བོད་མི་གནས་སྡོད་བྱེད་ཡུལ་ཁག་ཏུ་སོ་སོའི་ས་གནས་དང་འཚམས་པའི་ཕྲུ་གུའི་སློབ་དེབ་སྒྲིག་གི་ཡོད་སྐོར་ཚེ་རིང་བསམ་འགྲུབ་ཀྱིས་འགྲེལ་བརྗོད་གནང་སོང་།
སློབ་དེབ་དེ་དག་རྒྱུན་ལྡན་རྒྱ་བལ་འབྲུག་གསུམ་ནང་སློབ་ཁྲིད་གནང་བཞིན་ཡོད་པའི་སློབ་དེབ་དང་མི་འདྲ་བར་དམའ་རིམ་སློབ་ཁྲིད་ཡོང་ཐབས་ཀྱི་རི་མོ་དང་གོ་བདེའི་མིང་ཚིག རྒྱུན་ལྡན་སྐད་ཆ་བཤད་སྟངས་སོགས་ཡིན་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེས་བོད་ཡིག་སྦྱོང་མཁན་ཚོར་ཤེས་རིག་ལས་ཁུངས་ཀྱི་འགན་གཙོ་བོ་ནི་མཐུན་རྐྱེན་སྦྱར་རྒྱུ་རེད། རྒྱ་ཆེ་ས་ནས་གཟིགས་པ་ཡིན་ནའང་། རྒྱ་ནག་གཞུང་གི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱ་སྡེར་བསྒྱུར་རྒྱུ་དང་། བོད་རིགས་རྒྱ་རིགས་བསྒྱུར་རྒྱུ་རེད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་འཛུགས་སྐྲུན་རིགས་སྤེལ་ནས་བོད་རྒྱ་སྡེར་བསྒྱུར་རྒྱུ་འབད་བརྩོན་ཧ་ཅང་མང་པོ་བྱེད་ཀྱི་ཡོད། རྒྱ་རིགས་མང་པོ་བོད་ནང་ཡོང་བར་བརྟེན་བོད་མི་རྣམས་སོ་སོའི་རྒྱལ་ཁབ་ནང་རང་བཞིན་གྱིས་གྲངས་ཉུང་མི་རིགས་བཟོ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་གཏོར་བཤིག་བྱས་ནས་མེད་པར་བཟོ་ཐུབ་པ་ཡིན་ན། བོད་རིགས་རྣམས་རྒྱ་རིགས་ཆགས་འགྲོ་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་བ་རེད། བོད་རིགས་རྣམས་རྒྱ་རིགས་ལ་བསྒྱུར་ཐུབ་པ་ཡིན་ན། བོད་ཀྱི་རྩ་དོན་བརླག་འགྲོ་བའི་དམིགས་ཡུལ་བཟུང་ནས་ལོ་དྲུག་ཅུ་ཙམ་ནང་འབད་བརྩོན་བྱས་དང་བྱེད་བཞིན་པ་རེད་”ཅེས་གསུངས་སོང་།
ཁོང་གིས་བོད་མི་ཚོས་འབད་བརྩོན་བྱས་ཏེ། རྒྱ་ནག་གི་དམིགས་ཡུལ་ད་དུང་ལམ་ལྷོང་བྱུང་མེད་སྐོར་གསུང་དོན། “ད་ལྟ་ཡིན་ནའང་རྒྱ་ནག་གི་དམིགས་ཡུལ་དེ་ལམ་ལྷོང་མ་བྱུང་བའི་རྒྱུ་མཚན་ནི་བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་སྐུ་ལས་བསྐྱོན། བཙན་བྱོལ་དུ་ཡིན་ནའང་ཉེ་བའི་ཆར་ནས་ནང་ཆོས་དར་སྤེལ་ཆེན་པོ་ཕྱིན་ཡོད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཉམས་པ་སླར་གསོ་བྱེད་བཞིན་ཡོད། སྐད་ཡིག་གི་ཐོག་ནས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སྤྱི་ཡོངས་ནས་བྱས་དང་བྱེད་བཞིན་པ་རེད། ཕྱོགས་གཅིག་ནས་ང་ཚོ་བོད་མི་ཡིན་པའི་ངོ་བོ་དེ་མ་བརླག་པ་བྱེད་དགོས། འདི་ང་ཚོའི་མ་རྩ་རེད། དེའི་ཐོག་བོད་མིར་ཆེ་མཐོང་དགོས། ཆེ་མཐོང་ཐོབ་པར་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། རང་དབང་། ཁོར་ཡུག རིག་གཞུང་སོགས་ཀྱི་ཐོབ་ཐང་མང་དག་ཞིག་ཡོད་པ་དེ་དག་དགོས་ཀྱི་ཡོད། ང་ཚོའི་རྩ་དོན་རྩོད་རྒྱུ་གཅིག་དེ་མི་རིགས་ཀྱི་ངོ་བོ་དེ་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཡིན། འོན་ཀྱང་བོད་མིའི་ངོ་བོ་བརླག་པ་ཡིན་ན། ཕྱིས་སུ་ཆེ་མཐོང་ཐོབ་པ་ཡིན་ནའང་བོད་པ་ཞེས་ཁ་ཙམ་མ་གཏོགས་གཞི་རྩའི་ངོ་བོ་བརླག་པ་ཡིན་ན། བོད་རྒྱལ་ཁབ་བརླག་འགྲོ་གི་རེད། བོད་རྒྱལ་ཁབ་བརླག་པ་ཡིན་ན། བོད་ཀྱི་དཔལ་ཡོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྔོན་དང་རྗེས་སུ་སྐུ་ལས་བསྐྱོན་ཏེ་བོད་ཀྱི་དཔལ་ཡོན་འདི་རེད། བོད་ཀྱི་ཆོས་དང་རིག་གཞུང་འདི་འདྲ་རེད་ཅེས་འཛམ་གླིང་ལ་ངོམ་སོ་ཆོག་པའི་མ་རྩ་ལྟ་བུ་འདི་བརླག་འགྲོ་གི་ཡོད། དེར་བརྟེན་ང་ཚོས་དུས་རྟག་ཏུ་རྩ་དོན་རྩོད་རྒྱུ་དེ་བོད་མིའི་ངོ་བོ་དང་། བོད་མིར་ཆེ་མཐོང་དགོས་ཞེས་པ་དང་མཉམ་དུ་འགྲོ་དགོས་”ཞེས་གསུངས་སོང་།
དེང་སྐབས་ཨ་རི་དང་ཡུ་རོབ་ཁུལ་དུ་བོད་མི་སྐྱབས་བཅོལ་བ་གནས་སྡོད་བྱེད་མཁན་ཇེ་མང་དུ་སོང་ཡོད་པ་དང་། ཕྲུ་གུ་ཚོ་རྒྱུན་ལྡན་རྒྱལ་ཁབ་དེའི་ལམ་ལུགས་ལྟར་སློབ་གྲྭར་སོང་རྗེས། གཟའ་སྤེན་པ་དང་ཉི་མ་ལ་ས་གནས་སོ་སོའི་བོད་ཕྲུག་ཚོ་མཉམ་དུ་བསྡུས་ནས་བོད་ཡིག་དང་། བོད་གཞས་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།
