བྱང་ཨ་རིའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བསྐོང་འཚོགས་གནང་།

ཕྱི་ཟླ་༨ པའི་ཚེས་༡༥ ནས་༡༦ ཉིན་གཉིས་རིང་བྱང་ཨ་རིའི་ཆུ་སྒང་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཛད་སྒོ་དེ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ས་གཉིས་ཀྱི་གོ་སྒྲིག་འོག ནིའུ་ཡོག་གི་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་འཚོགས་ཡོད་པ་རེད།
ཐེངས་འདིར་སྐུ་མགྲོན་གཙོ་བོ་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་སངས་རྒྱས་རྡོ་རྗེ་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ། བོད་མི་མང་སྤྱི་འཐུས་རྣམ་པ་བདུན། དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཞི། བྱང་ཨ་རིའི་ཁུལ་གྱི་ས་གནས་ཁག་གི་རྒྱུན་ལས་རྣམ་པ། ནིའུ་ཡོག་ས་གནས་ཆུ་སྒང་གི་ཁྱབ་ཁོངས་ཚོགས་སྐྱིད་རྣམས་ཀྱི་ཚོགས་གཙོ་དང་སྐུ་ཚབ་རྣམ་པ། དེ་བཞིན་སྤྱི་ཟུར་རྣམ་པ་དང་ས་གནས་ཆུ་སྒང་གི་རྒྱུན་ཟུར་རྣམ་པ། ཤར་ཏུར་ཀི་སི་ཐན་གྱི་འཐབ་རྩོད་པ་གཙོས་པའི་ས་གནས་མི་མང་བཅས་མང་པོ་ཞིག་ཕེབས་འདུག མཛད་སྒོའི་ཐོག་ས་གནས་ཚོགས་གཙོས་ཚོགས་འདུ་ངོ་སྤྲོད་ཀྱི་གཏམ་བཤད་དང་། སྤྱི་འཐུས་རྣམ་པའི་སྐུ་ཚབ། དམིགས་བསལ་སྐུ་མགྲོན། སྐུ་མགྲོན་གཙོ་བོ་བཅས་ཀྱིས་རིམ་པ་བཞིན་ཚོགས་ཆེན་དང་འབྲེལ་བའི་གཏམ་བཤད་གནང་སོང་།

མཛད་སྒོ་གྲོལ་རྗེས་དམིགས་བསལ་ཚོགས་ཆེན་འཚོགས་ནས་ཉིན་གཉིས་རིང་བགྲོ་གླེང་ལྷུག་པོར་གནང་སྟེ། གྲོས་གཞི་གྲོས་ཆོད་དོན་ཚན་བཅུ་ཅན་ཞིག་ཚོགས་བཅར་བ་ཡོངས་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཐུབ་པ་བྱུང་སོང་།
སྤྱིར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༢༣ གྱི་གྲོས་ཆོད་ལ། བྱང་ཨ་རིར་ཆུ་སྒང་གི་དམིགས་བསལ་ཚོགས་ཆེན་འཚོག་རྒྱུ་དང་། དེའི་འགན་ཁུར་ཡོངས་རྫོགས་བྱང་ཨ་རིའི་ས་གནས་ཆུ་སྒང་ཁག་གིས་འཁུར་དགོས་པ་གསུངས་ཡོད་ཀྱང་། དམིགས་བསལ་ཚོགས་ཆེན་དེ་ནིའུ་ཡོག་ས་གནས་ལ་འཚོགས་ཀྱི་ཡོད་པས། གོ་སྒྲིག་གི་འགན་ཡོངས་རྫོགས་ནིའུ་ཡོག་ས་གནས་ཆུ་བཞི་སྒང་དྲུག་གིས་ཁུར་ཞིང་།

ཚེས་༡༧ གྱི་དགོང་མོར་གོང་ས་མཆོག་དགུང་གྲངས་༩༠ བཞེས་པའི་སྐུའི་གོ་སྟོན་སྲུང་བརྩི་དང་། ཚོགས་ཆེན་ལེགས་གྲུབ་བྱུང་བའི་དགའ་སྟོན་མཉམ་དུ་མཚན་ཚོགས་ཤིག་ཀྱང་འཚོགས་ཡོད་པ་རེད།
ད་ཐེངས་ཀྱི་དམིགས་བསལ་ཚོགས་ཆེན་འདི་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་། ནིའུ་ཡོག་ནིའུ་འཇར་སི་ཀ་ནིག་ཀྲ་ཀཊ་ས་གནས་ཆུ་སྒང་། ཁེ་ན་ཌ་ས་གནས་ཆུ་སྒང་།མི་ནི་སོ་ཊ་ས་གནས་ཆུ་སྒང་། ཁོ་ལ་ར་དྷོ་ས་གནས་ཆུ་སྒང་། ཤར་ལྷོ་བསུ་ཝིལ་ས་གནས་ཆུ་སྒང་། བྱང་ཀེལ་ས་གནས་ཆུ་སྒང་། ཨ་རིའི་ནུབ་བྱང་ས་གནས་ཆུ་སྒང་བཅས་ཀྱིས་གོ་སྒྲིག་གནང་བ་ཞིག་རེད་འདུག།།

སྤྱི་ཟུར་ངག་དབང་ཐར་པ་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་།