བྷང་ལ་དྷེ་ཤིའི་སྲིད་བློན་ཟུར་པ་ཞིག་ལ་སྲོག་ཁྲིམས་བཅད་འདུག

བྷང་ལ་དྷེ་ཤིའི་སྲིད་བློན་ཟུར་པ་ལྕམ་ཤེའི་ཁ་ཧཱ་སི་ནཱ་(Sheikh Hasina )ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་སྲིད་བློན་དུས་ཡུན་རིང་ཤོས་བྱེད་མྱོང་ཡོད་པ་དང་། སྐབས་ཤིག་ལ་མང་གཙོ་ལ་དགའ་ཞེན་ཆེན་པོ་ཡོད་མཁན་གྱི་སྲིད་བློན་ཞིག་ཡིན་འདུག་ཀྱང་། ཕྱིས་སུ་སྲིད་བློན་གྱི་གོ་གནས་འཛིན་པའི་སྐབས་སུ་ཕྱོགས་འགལ་སྲིད་དོན་ཚོགས་པའི་མི་མང་པོ་ཞིག་གར་སོང་ཆ་མེད་དུ་བཏང་བ་དང་། མི་མང་པོ་དམར་གསོད་བཏང་བའི་ཉེས་མིང་འོག་ཉེ་ཆར་ཁོང་ལ་སྲོག་ཐོག་གི་ཁྲིམས་ཆད་ཕོག་ཡོད་པའི་ཁྱབ་བསྒྲགས་བྱས་འདུག


ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༧ ཉིན་བྷི་བྷི་སི་གཙོས་པའི་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤིའི་ནང་སྲིད་བློན་ཟུར་པ་Sheikh Hasina ཡིས་དེ་སྔོན་ཕྱི་ལོ་༢༠༢༤ ནང་སློབ་ཕྲུག་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོད་མི་རིགས་སྡེབ་གསོད་བྱས་ཡོད་མེད་སྐོར་གྱི་ཆེད་བཙུགས་ཞིབ་བཤེར་ཚོགས་ཆུང་(Bangladesh International Crimes Tribunal)གིས་ཞིབ་བཤེར་བྱས་རྗེས་སྲིད་བློན་ཟུར་པ་Sheikh Hasina ཡིས་མི་རིགས་སྡེབ་གསོད་ཀྱི་ནག་ཉེས་བསགས་ཡོད་པའི་ཉེས་མིང་འོག་ཁོང་ལ་ཁ་སང་སྲོག་ཁྲིམས་ཀྱི་ཉེས་ཆད་ཕོག་ཡོད་པ་ཁྱབ་བསྒྲགས་བྱས་འདུག
བྷང་ལ་དྷེ་ཤིའི་སྲིད་བློན་ཟུར་པ་Sheikh Hasina ཞེས་པའི་བུད་མེད་དེ་ནི། མོ་རང་ཕྱི་ལོ་༡༩༤༧ ལོ་བྷང་ལ་དྷེ་ཤིའི་བྱང་ཕྱོགས་ཀྱི་ཁ་ཆེའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་འདུག་ཅིང་། མོ་རང་གི་ཕ་དམ་པ་(Sheikh Mujibur Rahman)ཞེས་པ་དེ་ཕྱི་ལོ་༡༩༧༡ ལོ་པ་ཀི་སི་ཐན་གྱི་དབང་འོག་ནས་བྷང་ལ་དྷེ་ཤིའི་རང་བཙན་རྩོད་མཁན་གྲགས་ཅན་ཞིག་ཡིན་འདུག་ཅིང་། ཡོངས་གྲགས་སུ་ཁོང་ལ་བྷང་ལ་དྷེ་ཤིའི་ཡབ་ཆེན་ཞེས་འབོད་ཀྱི་ཡོད་འདུག སྐབས་དེ་དུས་ནས་Sheikh Hasina ཡིས་བྷང་ལ་དྷེ་ཤིའི་རྒྱལ་ས་དྷཱ་ཁར་(Dhaka)ཡོད་པའི་མཐོ་རིམ་སློབ་མའི་འགོ་ཁྲིད་བྱས་ནས་མི་མང་ཁྲོད་སྐད་གྲགས་ཆེན་པོ་ཡོད་འདུག མོ་རང་གི་ཕ་དམ་པས་ཕྱི་ལོ་༡༩༧༢ ནས་༡༩༧༥ བར་བྷང་ལ་དྷེ་ཤིའི་སྲིད་འཛིན་གནང་ཡོད་འདུག ཁོང་ནི་བྷང་ལ་དྷེ་ཤིའི་ནང་ཧ་ཅང་གི་སྐད་གྲགས་ཆེན་པོ་ཡོད་པ་དང་། ཡོངས་གྲགས་སུ་ཁོང་ནི་གསར་བརྗེ་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག འོན་ཀྱང་ཕྱི་ལོ་༡༩༧༥ ལོར་དམག་མི་ཤོག་ཁག་ཅིག་ཁོང་གི་སྡོད་གནས་སུ་ཡོང་ནས་ཁོང་གི་ནང་མི་ཡོངས་རྫོགས་དང་སྤུན་མཆེད་འགའ་ཤས་བཅས་ཁྱོན་མི་བཅུ་ཕྲག་ཁ་ཤས་ལ་མེ་མདའ་བརྒྱབ་ནས་དུས་གཅིག་ལ་བསད་ཡོད་ཀྱང་། Sheikh Hasina དང་ཁོང་གི་གཅུང་མོ་གཉིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ཁྱིམ་གཅིག་ནང་ཕྲུ་གུ་གཉིས་ལས་གཞན་གཅིག་ཀྱང་ལྷག་ཡོད་མི་འདུག ཕྱིས་སུ་ཕྱི་ལོ་༡༩༨༡ ལོ་མོ་ཕྱིར་བྷང་ལ་དྷེ་ཤིར་ལོག་ནས་མོ་རང་གི་ཕ་དམ་པས་བཙུགས་པའི་སྲིད་དོན་ཚོགས་པའི་(Awami League)ནང་འཛུལ་ཏེ། དུས་དེ་ནས་བཟུང་མོའི་ཆབ་སྲིད་ཀྱི་འགྲུལ་བཞུད་དངོས་སུ་འགོ་བརྩམས་ཡོད་འདུག སྐབས་དེ་དུས་བྷང་ལ་དྷེ་ཤིའི་དཔོན་ཧུ་སཱན་མུ་ཧཱམ་མཱཌ་(Hussain Muhammad)ཡིས་སྲིད་དབང་བཟུང་ནས་མི་མང་གིས་ངོ་རྒོལ་ཆེན་པོ་བྱེད་བཞིན་པའི་སྐབས་ཤིག་ཡིན་པ་དང་། མོས་མི་མང་ཁྲོད་དུ་ཕྱིན་ནས་མི་མང་དངོས་སུ་སྣེ་ཁྲིད་དེ་མང་གཙོའི་འཐབ་རྩོད་གནང་ཡོད་པ་དང་། མི་མང་ཁྲོད་མོའི་མིང་གྲགས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་འདུག མཐར་ཕྱི་ལོ་༡༩༩༦ ལོར་མོ་འོས་བསྡུའི་ལམ་ནས་སྲིད་བློན་ལ་བདམས་ནས་སྐབས་དེ་དུས་མོ་རང་གིས་རྒྱ་གར་དང་ལྷན་དུ་ཆུ་བགོ་འགྲེམས་དང་འབྲེལ་བའི་གྲོས་མཐུན་དང། གཞན་རྒྱ་གར་བྱང་ཤར་ཁུལ་གྱི་བདེ་འཇགས་དང་འབྲེལ་བའི་གྲོས་མཐུན་བཞག་ནས་མོ་སྐད་གྲགས་ཆེན་པོ་ཆགས་ཡོད་འདུག
ཕྱི་ལོ་༢༠༠༡ ལོར་མོ་རང་གི་སྲིད་དོན་ཚོགས་པའི་འོས་བསྡུའི་ཁྲོད་ནས་ཕམ་ཡོད་འདུག་ཅིང་། སྐབས་དེ་དུས་མི་མང་ཁྲོད་ཁོང་གི་སྲིད་དོན་ཚོགས་པ་ལ་ལྐོག་ཟ་རུལ་སུངས་བྱས་པའི་སྐྱོན་བརྗོད་བྱེད་མཁན་ཕོན་ཆེན་པོ་ཡོད་འདུག ཕྱི་ལོ་༢༠༠༩ ལོར་མོ་བསྐྱར་དུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ནས་སྲིད་དབང་བཟུང་ཡོད་འདུག་ཅིང་། མོས་སྲིད་དབང་བཟུང་བའི་རིང་ལ་བྷང་ལ་དྷེ་ཤིའི་མི་མང་ས་ཡ་༢༥ དབུལ་ཕོངས་ལས་སྐྱོབ་ཐུབ་ཡོད་པ་འཛམ་གླིང་དངུལ་ཁང་གིས་བརྗོད་ཡོད་འདུག་ཅིང་། ཁོང་གི་དུས་སྐབས་ལ་བྷང་ལ་དྷེ་ཤི་ནས་འཛམ་གླིང་ཤར་ནུབ་གང་སར་གྱོན་ཆས་རིགས་ཕོན་ཆེན་པོ་བཙོང་ནས་རྒྱལ་ཁབ་ཀྱི་ཡོང་འབབ་ཐད་གྲུབ་འབྲས་ཆེན་པོ་ཐོན་ཡོད་པའང་བརྗོད་ཀྱི་ཡོད་འདུག
མཐར་ཕྱི་ལོ་༢༠༢༤ ཟླ་༨ ནང་མི་མང་གིས་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱས་ནས་མོ་རྒྱ་གར་ལ་སྐྱབས་བཅོལ་དུ་འབྲོ་དགོས་བྱུང་། མི་མང་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་དགོས་དོན་ནི་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་དང་མི་མང་ཁྱོན་༧༠༠ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཧ་ཅང་ཞན་པོ་ཡིན་པ། ཕྱི་ལོ་༢༠༢༤ ཟླ་དང་པོའི་ནང་མོར་བསྐྱར་དུ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་འདུག་ཀྱང་། ཕྱོགས་འགལ་སྲིད་དོན་ཚོགས་པས་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་མི་བྱེད་པ་དང་། མོས་སྲིད་བྱུས་གསར་པ་འགའ་ཤས་བཟོས་པ་ལ་བརྟེན་ནས་སློབ་ཕྲུག་སྟོང་ཕྲག་མང་པོས་ཁོང་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་བྱེད་དུས་མོས་དམག་མི་བཏང་ནས་ཁྱོན་སློབ་ཕྲུག་༡༤༠༠ ཙམ་སྡེབ་གསོད་བྱས་ཡོད་པ་སོགས་ལ་བརྟེན། མཐར་ཕྱི་ལོ་༢༠༢༤ ཟླ་༨ ཚེས་༥ ཉིན་རང་ཡུལ་བཞག་ནས་རྒྱ་གར་ལ་འབྲོ་དགོས་བྱུང་། ད་ལྟ་རྒྱ་གར་ནང་ཡོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།