བྷེང་ལོར་དུ་འཕྲོད་བསྟེན་ཆེད་ལས་པའི་ལྷན་འཛོམས།

ཟླ་འདིའི་ཚེས་༢༥ ཉིན་རྒྱ་གར་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ། ལྷོ་ཕྱོགས་བོད་མིའི་འཕྲོད་བསྟེན་མཐུན་ཚོགས་ཀྱི་འགོ་ཁྲིད་འོག སྦེང་ལོར་ནང་འཕྲོད་བསྟེན་ཆེད་ལས་འདྲ་མིན་ཐོག་སློབ་གཉེར་གནང་བཞིན་པ་དང་ཕྱག་ལས་གནང་བཞིན་པའི་གཞོན་སྐྱེས་༥༠ ལས་མང་བ་འདུ་འཛོམས་ཀྱིས་འཕྲོད་བསྟེན་ཆེད་ལས་པའི་ལྷན་འཛོམས་ཞེས་པ་ཞིག་འཚོགས་ཡོད་པ་རེད།

འཕྲོད་བསྟེན་ཆེད་ལས་པའི་ལྷན་འཛོམས་འདི་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་ནི་འཕྲོད་བསྟེན་ཆེད་ལས་མི་སྣ་ཕན་ཚུལ་དབར་འབྲེལ་ལམ་འཛུགས་རྒྱུ་དང་། ཕན་ཚུལ་ངོ་ཤེས་དང་ལམ་སྟོན་བསམ་ཚུལ་བརྗེ་རེས་སོགས་བྱེད་རྒྱུ། ལྷོ་ཕྱོགས་བོད་མིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོ་སྤྲོད་དང་རང་ཉིད་ནས་བོད་མིའི་འཕྲོད་བསྟེན་ཐོག་ལེགས་སྐྱེས་གང་འཕུལ་ཐུབ་མིན་བཅས་གསུམ་ཡིན་འདུག ལྷན་འཛོམས་ཐོག་མིག་གི་ཆེད་ལས་སློབ་གཉེར་བ་གསུམ། སོ་དང་ཁའི་ཆེད་ལས་པ་༡༥། སྨན་སྦྱོར་ཆེད་ལས་པ་༡༣། ཕྱི་བཅོས་གསོ་ཐབས་ཆེད་ལས་པ་༢།  སྒྲ་དང་རྣ་བའི་ཆེད་ལས་པ་༡ སྨན་ཞབས་མ་༢༥ མཉམ་བཞུགས་གནང་ཡོད།

ལྷོ་ཕྱོགས་བོད་མིའི་འཕྲོད་བསྟེན་མཐུན་ཚོགས་ནི་༧གོང་ས་མཆོག་ནས་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་༡༠༠ འཁོར་བའི་དུས་ཆེན་གྱི་མཛད་སྒོར། བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་གནས་སྟངས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ནན་པོ་བསྩལ་བའི་དགོངས་དོན་བཞིན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་འོག ལྷོ་སྤྱི་ལས་ཁུངས་ནས་འགན་ཁུར་སྣེ་འཁྲིད་ཀྱིས་སྦེང་ལོར་ཁུལ་དུ་འཕྲོད་བསྟེན་ལས་རིགས་འདྲ་མིན་ཐོག་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཁག་ཅིག་དང་། སྨན་ཞབས་པ་མི་ཉུང་བ་ཞིག་ལས་གྲུབ་པའི་ལྷོ་ཕྱོགས་བོད་མིའི་འཕྲོད་བསྟེན་མཐུན་ཚོགས་ཞེས་གསར་འཛུགས་ཀྱིས། ཕྱི་ལོ་༢༠༡༧ ཟླ་༨ པའི་ནང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་ཚོགས་པ་དབུ་འབྱེད་གནང་། ཚོགས་པའི་ངོ་བོ་དང་དམིགས་ཡུལ་ལྟར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མེ་སོར་རྫོང་ཁོངས་ལུགས་ཟུང་བསམ་གྲུབ་གླིང་། བདེ་སྐྱིད་སླར་གསོ། ཧུན་སུར་རབ་རྒྱས་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་དང་། མོན་གྷོ་འདོད་རྒུ་གླིང་བཅས་སུ་ནད་རིགས་འདྲ་མིན་སྔོན་འགོག་སྐོར་སྐྱ་སེར་མང་ཚོགས་ལ་གོ་རྟོགས་གཏམ་བཤད་དང་བགྲོ་གླེང་། ཟས་བཅུད་ཚད་ལྡན་དང་ཚད་ལས་མི་བརྒལ་བ་མཆོད་རྒྱུ་རྒྱུན་དུ་ནས་དོ་སྣང་གནང་གལ་ཆེ་སྐོར་དཔར་རིགས་འགྲེམས་སྟོན་ཞུ་རྒྱུ། ས་གནས་ས་ཐོག་ཏུ་བསྐོར་བསྐྱོད་ཀྱིས་འཕྲོད་བསྟེན་ཚུལ་བཞིན་གནང་ཕྱོགས་བཅས་ཀྱི་ལས་འགུལ་སོགས་སྤེལ་གྱི་ཡོད་པ་རེད།

མཐུན་ཚོགས་ཀྱི་ཚོགས་གཙོ་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་དང་། ཚོགས་གཞོན་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དོན་གྲུབ། དེ་བཞིན་ཚོགས་མིར་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ་ལས་གྲུབ་པའི་རྒྱ་གར་ལྷོ་ཕྱོགས་བོད་མིའི་མཐུན་ཚོགས་ཞེས་པ་དེ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།