དབྱིན་ཡུལ་དང་ཨུ་རུ་སུའི་འབྲེལ་ལམ་ཡར་རྒྱས་གཏོང་འཆར།
དབྱིན་ཡུལ་གྱི་སྲིད་བློན་གསར་པ་ལྕམ་ཋེ་རི་ས་མཱེ་སྲིད་བློན་ལ་འདེམས་ཐོན་བྱུང་ནས། ཐེངས་དང་པོར་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལ་ཁ་པར་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡག་པོ་མེད་པ་དེ། བསྐྱར་གསོ་བྱེད་འདོད་ཡོད་སྐོར་བརྗོད་འདུག་པས། སྲིད་འཛིན་པུ་ཊིན་གྱིས་ཀྱང་དེ་ལྟར་ངོས་ལེན་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་དེ་ཉིད་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པའི་སྐབས། ཨུ་རུ་སུས་སི་རི་ཡའི་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བྱས་པ། དེ་བཞིན་ཡུ་ཀེ་རན་སོགས་ལ་དམག་བརྒྱབ་པར། དབྱིན་ཡུལ་གཙོས་ཨ་རི་དང་། ནུབ་ཕྱོགས་རྒྱལ་ཁབ་མང་པོས་ངོ་རྒོལ་དང་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་བཏང་ཡོད་པ་རེད། དེར་བརྟེན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡག་པོ་མེད་པ་རེད་དེ། ཟླ་༦ པའི་ཚེས་༢༥ ཉིན་དབྱིན་ཡུལ་དུ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་མུ་མཐུད་བྱེད་དགོས་མིན་ཐོག མི་མང་གིས་འོས་བླུགས་ནས་བརྒྱ་ཆ་༤༨ དང་༥༢ བྱས་ནས་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱེད་དགོས་པའི་མང་མོས་འོས་ཐོབ་ཡོད་པ་རེད། དེ་ནས་ཟླ་༧ པའི་ཚེས་༡༣ ཉིན་དབྱིན་ཡུལ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ལྕམ་ཋེ་རི་ས་མཱེ་སྲིད་བློན་ལ་བསྐོ་བཞག་བྱས་ཡོད་དང་། མོ་རང་གིས་ཨུ་རུ་སུ་དང་ཕྱོགས་གཉིས་ཀྱི་མཁའ་ལམ་བདེ་འཇགས་ཐོག་ལ། འཇིགས་སྐུལ་རིང་ལུགས་པ་ལས་ཉེན་ཁ་ཡོད་པས། མཉམ་ལས་བྱེད་དགོས་སྐོར་བརྗོད་ནས་ཕྱོགས་གཉིས་ཀས་མོས་མཐུན་བྱས་འདུག
དེ་བཞིན་ཟླ་༡༠ པའི་ནང་རྒྱ་ནག་ཏུ་འཚོགས་རྒྱུ་ཡིན་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཐོག ཕྱོགས་གཉིས་ཀྱི་འགོ་ཁྲིད་ཐུག་འཕྲད་བྱེད་རྒྱུ་ཡིན་འདུག
རྒྱལ་ཁབ་དེ་གཉིས་ཀྱི་ལོ་རྒྱུས་ནང་སྐབས་རེ་ཕྱོགས་གཉིས་མཉམ་མཐུན་བྱུང་ཡོད་པ་དང་། སྐབས་རེ་ཕན་ཚུན་དམག་ཡང་བརྒྱབ་པ་བྱུང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
