མི་ཚོང་རྒྱག་མཁན་གྱི་བོད་མི་གསུམ་འཇུ་བཟུང་བྱས་པ།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༦ ཉིན་གྱི་དགོང་མོ་རྒྱ་གར་གྱི་ཉེན་རྟོག་པས་བོད་མི་གསུམ་འཇུ་བཟུང་བྱས་པ་རྣམས་ནི། མཁྱེན་བརྩེ་བློ་གྲོས་རང་ལོ་༤༨ ཅན་དང། བསྟན་འཛིན་འབྲུག་གྲགས་རང་ལོ་༤༦ སྤེན་པ་ཚེ་རིང་རང་ལོ་༣༦ ཡིན་པ་དེ་དག་གི་ནམ་རྒྱུན་སྡོད་གནས་མཱེ་སོར་ཡིན་པ་རེད། ཁོང་ཚོ་ནམ་རྒྱུན་མི་ཚོང་རྒྱག་མཁན་ཡིན་པས་ཁོང་ཚོའི་ས་ནས་ཧིན་སྒོར་འབུམ་༡༦.༥༠ དང། ཕྱི་སྐྱོད་ལག་ཁྱེར་བཞི། རླངས་འཁོར་གཅིག་བཅས་ཉེན་རྟོག་པས་བསྐྱར་དུ་བརྙེད་ཡོད་འདུག

དེའི་སྐོར་རྒྱ་གར་གྱི་ཉེན་རྟོག་པའི་སྤྱི་ཁྱབ་གཞོན་པ་དྷཱ་ལིའི་ཝལ་གྱིས་བརྗོད་པ་ལྟར་ན། ཟླ་འདིའི་ཚེས་༡༦ རེས་གཟའ་མིག་དམར་དགོང་མོ་ལཱོ་ལྡིའི་ཀོ་ལོ་ནི་ཞེས་པའི་ས་ཆར་ཟ་ཁང་ཞིག་གི་ནང་ནས་འཇུ་བཟུང་བྱས་པ་རེད་ཅེས་དང། ཁོང་ཚོས་སྐོམ་པ་ཆུ་འདོད་ལྟར་ཕྱི་རྒྱལ་ཁག་ཏུ་འགྲོ་མཁན་གྱི་བོད་པ་རྣམས་ཀྱི་ལག་ནས་དངུལ་འབོར་ཆེན་ཁ་བསླུ་རྒྱག་བཞིན་ཕྱི་རྒྱལ་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས་ཧིན་སྒོར་འབུམ་༥ སྤྲད་ན་ཧྥ་རན་སི་ལ་གཏོང་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་འདུག དངུལ་དེ་དག་ཁོང་ཚོའི་ལག་ཏུ་འབྱོར་རྗེས་དང་ཐོག་ཐེ་ལན་ཌི་ལ་གཏོང་གི་ཡོད་པ་དང་། འགྲོ་མཁན་རྣམས་ཀྱི་ཕྱི་བསྐྱོད་ལག་ཁྱེར་མར་སྤྲོད་ཀྱི་ཡོད་འདུག དེ་ནས་ཐེ་ལན་ཌིར་ཡོད་པའི་མི་ཞིག་གི་ཁ་པར་ཨང་གྲངས་སྤྲད་ནས་མི་དེར་འབྲེལ་བ་བྱས་ན་དེས་ཧྥ་རན་སི་ལ་གཏོང་གི་ཡོད་ཚུལ་བརྗོད་ཀྱི་ཡོད་འདུག་ཀྱང་། འགྲོ་མཁན་གྱི་མི་རྣམས་ཐེ་ལན་ཌིར་འབྱོར་ནས་ཁ་པར་ཨང་གྲངས་དེའི་ཐོག་འབྲེལ་བ་བྱས་ཀྱང་འབྲེལ་བ་བྱེད་སའི་མི་སུ་གཅིག་མེད་པར་ཆགས་ཀྱི་ཡོད་འདུག་ཅེས་ཉེན་རྟོག་པའི་སྤྱི་ཁྱབ་པས་འགྲེལ་བརྗོད་བྱས་ཡོད་པ་རེད།

སྤྱིར་དེང་སྐབས་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་པ་རྣམས་ནུབ་ཕྱོགས་རྒྱལ་ཁབ་གང་ཞིག་ཏུ་འགྲོ་རྒྱུའི་དར་སོ་དང་འདོད་པ་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས། ཁྲིམས་འགལ་ཐོག་དངུལ་འབོར་ཆེན་བླངས་ནས་ཕྱི་རྒྱལ་དུ་གཏོང་མཁན་ནམ་མི་ཚོང་རྒྱག་མཁན་ཡང་མང་དུ་འགྲོ་ཡི་ཡོད་པ་མ་ཟད། ཡིག་ཆ་རྫུན་མ་བཟོ་མཁན་སོགས་མགོ་བདེ་པོ་འཁྲབ་མཁན་ཡང་མང་དུ་འགྲོ་ཡི་ཡོད་པ་རེད། དེར་བརྟེན་གཞུང་ཚབ་ཁང་རྣམས་སུ་དེང་སང་བོད་པ་ལ་ཡིད་ཆེས་བྱེད་མཁན་ཉུང་དུ་འགྲོ་ཡི་ཡོད་ལ། བོད་པའི་མཐོང་ཡང་ཆུང་ནས་ཆུང་དུ་འགྲོ་བཞིན་ཡོད་པ་རེད།།

{jcomments on}