མགོན་པོ་སྐྱིད་ཀྱི་བཟའ་ཟླ་ཆོས་སྐྱོང་གློད་བཀྲོལ་བཏང་ཡོད་འདུག

ཉེ་ཆར་རྒྱ་གཞུང་གིས་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་བཟའ་མི་གཉིས་ལྷ་སར་ཡོད་པའི་རྒྱ་ནག་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་རྒོལ་བྱེད་སྐབས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་བཞིན། མགོན་པོ་སྐྱིད་ཀྱི་བཟའ་ཟླ་ཆོས་སྐྱོང་གློད་གྲོལ་བཏང་ཡོད་འདུག་ཀྱང་ཁོང་མོའི་སྐོར་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག
བཙན་བྱོལ་བོད་ཀྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས ༡༧ ཉིན་མགོན་པོ་སྐྱིད་ཀྱི་བཟའ་ཟླ་ཆོས་སྐྱོང་གློད་བཀྲོལ་བཏང་འདུག་ཀྱང་། མགོན་པོ་སྐྱིད་ཀྱི་སྐོར་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་ཡིན་འདུག
ཕྱི་ཟླ་༡༢ ཚེས་༡༣ ཉིན་མགོན་པོ་སྐྱིད་དང་ཆོས་སྐྱོང་གཉིས་ཀྱིས་ལྷ་སར་ཡོད་པའི་རྒྱ་ནག་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་བའི་ལས་འགུལ་སྤེལ་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་བཟའ་མི་གཉིས་ཀར་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། ཆོས་སྐྱོང་འཛིན་བཟུང་བྱས་ནས་ཉིན་ལྔའི་རིང་བཀག་ཉར་ཁང་དུ་སློབ་གསོ་སྤྲད་རྗེས་ཕྱི་ཚེས་ ༡༧ གྱི་ཉིན་གུང་ཙམ་ལ་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། མགོན་པོ་སྐྱིད་ཀྱི་སྐོར་སོགས་ཞིབ་ཕྲའི་གནས་ཚུལ་དམ་དྲག་ཆེ་བས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ད་ལྟ་རྒྱའི་བཙོན་འོག་ཏུ་ཡོད་པའི་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་དེ་སྔོན་ཉེན་རྟོག་ཁང་དང་ཁྲིམས་ཁང་མདུན་དུ་དྲང་བདེན་དང་ཞི་བའི་རེ་འབོད་ཀྱི་ལས་འགུལ་ཐེངས་འགར་སྤེལ་ཟིན་པ་དང་། སྐབས་དེ་དག་ལ་རྒྱ་གཞུང་གི་ཉེན་རྟོག་པས་བཀག་ཉར་དང་གཅར་རྡུང་མང་པོ་བཏང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།