མགོན་མོ་སྐྱིད་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཏེ་ཉིན་༨་རྗེས་སུ་གློད་བཀྲོལ་བཏང་འདུག

ཉེ་ཆར་རྒྱ་གཞུང་གིས་བོད་ནང་གི་ཚོང་པ་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་མོ་སྐྱིད་བཟའ་མི་གཉིས་ལྷ་སར་ཡོད་པའི་རྒྱ་ནག་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་རྒོལ་བྱེད་སྐབས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། མགོན་མོ་སྐྱིད་(མགོན་པོ་སྐྱིད་)ཀྱི་བཟའ་ཟླ་ཆོས་སྐྱོང་ཚེས་༡༧ ཉིན་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་མོ་མཉམ་དུ་གློད་བཀྲོལ་བཏང་མེད་པ་རེད།
ཟླ་འདིའི་ཚེས་༢༡ ཉིན་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མགོན་མོ་སྐྱིད་འཇུ་བཟུང་བྱས་ནས་ཉིན་བརྒྱད་ཀྱི་རྗེས་ཏེ་ཚེས་༢༡ གི་ཉིན་རྒྱབ་ཏུ་གློད་བཀྲོལ་བཏང་འདུག་ཀྱང་། དེ་མིན་གྱི་གནས་ཚུལ་ཤེས་རྟོགས་མི་ཐུབ་པ་དང་། མ་ཟད་རྒྱ་གཞུང་གིས་སྐྱོན་བརྗོད་དང་ཞུ་འབོད་ལས་གཡོལ་ཆེད་ཁོང་བཟའ་མི་གཉིས་ལྷ་ས་ནས་ཕ་ཡུལ་དུ་ཕྱིར་འཕུད་གཏང་རྒྱུའི་འཆར་གཞི་ཡོད་སྐོར་དང་། དེའི་ཐད་ཁོང་གཉིས་ཀྱི་ནང་མི་ཉེ་འབྲེལ་ཚོས་སེམས་ཁྲལ་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག འདི་གའི་གསར་འགོད་པས་དྷ་ས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལ་ཁོང་མོའི་གཟུགས་པོ་སོགས་ཀྱི་གནས་སྟངས་སྐོར་ཤེས་རྟོགས་བྱུང་མིན་སྐད་ཆ་འདྲི་སྐབས། མགོན་མོ་སྐྱིད་གློད་བཀྲོལ་བྱུང་བ་ཙམ་ལས་གཞན་དམ་དྲག་གིས་གནས་ཚུལ་གང་ཡང་ཤེས་རྟོགས་ཡོང་ཐུབ་ཀྱི་མེད་པར་འགྲེལ་བརྗོད་གནང་སོང་།
ཕྱི་ཟླ་༡༢ ཚེས་༡༣ ཉིན་མགོན་མོ་སྐྱིད་དང་ཆོས་སྐྱོང་གཉིས་ཀྱིས་ལྷ་སར་ཡོད་པའི་རྒྱ་ནག་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་བའི་ལས་འགུལ་སྤེལ་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་བཟའ་མི་གཉིས་ཀར་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། ཆོས་སྐྱོང་འཛིན་བཟུང་བྱས་ནས་ཉིན་ལྔའི་རིང་བཀག་ཉར་ཁང་དུ་ཕྱིན་ཆད་ལས་འགུལ་འདི་ལྟར་མི་སྤེལ་བ་སོགས་ཀྱི་སློབ་གསོ་སྤྲད་རྗེས་ཕྱི་ཚེས་ ༡༧ གྱི་ཉིན་གུང་ཙམ་ལ་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། མགོན་མོ་སྐྱིད་མཉམ་དུ་གློད་མེད་པ་དང་། འཇུ་བཟུང་བྱས་ནས་ཉིན་བརྒྱད་ཀྱི་རྗེས་ཏེ་ཚེས་༢༡ གི་ཉིན་རྒྱབ་ཏུ་གཞི་ནས་གློད་བཀྲོལ་བཏང་ཡོད་འདུག ཁོང་མོའི་གཟུགས་པོའི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་དམ་དྲག་ཆེ་བས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ད་ལྟ་རྒྱའི་བཙོན་འོག་ཏུ་ཡོད་པའི་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་མོ་སྐྱིད་ཀྱིས་དེ་སྔོན་ཉེན་རྟོག་ཁང་དང་ཁྲིམས་ཁང་མདུན་དུ་དྲང་བདེན་དང་ཞི་བའི་རེ་འབོད་ཀྱི་ལས་འགུལ་ཐེངས་འགར་སྤེལ་ཟིན་པ་དང་། སྐབས་དེ་དག་ལ་རྒྱ་གཞུང་གི་ཉེན་རྟོག་པས་བཀག་ཉར་དང་གཅར་རྡུང་མང་པོ་བཏང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།
