མང་མོས་འོས་བསྡུ་ཐག་གཅོད་ནང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་ལ་རྒྱལ་ཁ་ཆེན་པོ་ཐོབ་འདུག

ཨུ་རུ་སུ་མི་མང་གིས་རྒྱལ་ཁབ་དེའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ལ་མང་མོས་འོས་བསྡུ་ཐག་གཅོད་བྱས་འདུག་པ་དང་། འོས་བསྡུའི་གྲུབ་དོན་དུ་ལས་ཁུར་སྲིད་འཛིན་པུ་ཀྲེན་ཕྱི་ལོ་༢༠༣༦ བར་སྲིད་འཛིན་བྱེད་པའི་ལམ་ཁ་བཟོས་ཡོད་འདུག འོན་ཀྱང་འོས་བསྡུ་དེ་ཁྲིམས་མཐུན་དང་དྲང་བདེན་བྱུང་མེད་པའི་སྐྱོན་བརྗོད་བྱེད་མཁན་ཡང་འདུག་སྟེ། དེ་དག་གིས་ཤུགས་རྐྱེན་བཟོ་ཐུབ་རྒྱུ་ཁག་པོ་ཡིན་འདུག

ཟླ་༧ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡ ཉིན་ཨུ་རུ་སུའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་མི་འདྲ་བ་༢༠༠ ལས་མང་བར། མང་མོས་འོས་བསྡུ་ཐག་གཅོད་ཀྱི་ལས་རིམ་གོ་སྒྲིག་བྱས་པར་མི་མང་གིས་མཉམ་ཞུགས་བྱས་འདུག་པ་དང་། བསྐྱར་བཅོས་ཀྱི་དོན་ཚན་ཤིན་ཏུ་མང་པོ་ཡོད་ཀྱང་། མི་མང་པོ་ཞིག་གིས་དོ་སྣང་བྱེད་ཡུལ་གྱི་དོན་ཚན་ནི་ལས་ཁུར་སྲིད་འཛིན་པུ་ཀྲེན། ཕྱི་ལོ་༢༠༢༤ ཡི་རྗེས་སུ་བསྐྱར་དུ་སྲིད་འཛིན་འོས་འགྲན་བྱེད་ཆོག་པའི་ཁྲིམས་འཆར་དེ་ཡིན་པ་རེད། དེ་ཡང་པུ་ཀྲེན་གྱིས་ད་བར་མི་ལོ་༢༠ ལྷག་རིང་ཨུ་རུ་སུའི་སྲིད་དབང་འཛིན་བཞིན་ཡོད་པ་དང་། རྩ་ཁྲིམས་ནང་གི་བསྐྱར་བཅོས་མ་བྱས་པའི་དོན་ཚན་ལྟར་ན། ཕྱི་ལོ་༢༠༢༤ ལོར་ཁོང་གི་སྲིད་འཛིན་ལས་ཡུན་ཚང་གི་ཡོད་པ་དང་། དེའི་རྗེས་སུ་སྲིད་འཛིན་གྱི་འོས་འགྲན་བསྐྱར་དུ་བྱེད་ཆོག་གི་མེད་འདུག འོན་ཀྱང་ཐེངས་འདིའི་མང་མོས་འོས་བསྡུ་ཐག་གཅོད་ཀྱི་གྲུབ་དོན་དུ། འོས་གྲངས་བརྒྱ་ཆ་༧༨ ཀྱིས་སྲིད་འཛིན་པུ་ཀྲེན་ཕྱི་ལོ་༢༠༢༤ ཡི་རྗེས་སུ་བསྐྱར་དུ་ལས་ཡུན་ལོ་དྲུག་རེ་བྱས་པའི་སྲིད་འཛིན་སྐབས་༢ ལ་འོས་འགྲན་བྱེད་ཆོག་པར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག་པས། གལ་ཏེ་སྲིད་འཛིན་གྱི་འོས་བསྡུ་དེ་གཉིས་ལ་པུ་ཀྲེན་རྒྱལ་ཁ་ཐོབ་ཚེ། ཕྱི་ལོ་༢༠༣༦ བར་ཁོང་སྲིད་འཛིན་བྱེད་རྒྱུ་ཡོད་འདུག

ཨུ་རུ་སུ་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་ཉེན་ཁ་འོག་ཏུ། འོས་ཤོག་བླུགས་པར་ཡོང་ཚེ་བྱ་དགའ་འདྲ་མིན་ཐོབ་སྲིད་པའི་རྒྱན་ཤོག་བཟོས་ཡོད་པ་དང་། དེ་བཞིན་དྲ་ཐོག་ནས་འོས་ཤོག་འཕེན་པའི་ཆ་རྐྱེན་བསྐྲུན་ཡོད་འདུག

ཨུ་རུ་སུའི་ཕྱོགས་འགལ་སྲིད་དོན་ཚོགས་པ་ལྐོག་ཟ་རུལ་སུངས་ཁ་གཏད་ཚོགས་པའི་འགོ་ཁྲིད་ཀྱིས། འོས་བསྡུ་དེ་ནི་དྲང་བདེན་བྱུང་མེད་ཁར། འོས་བསྡུའི་གྲུབ་དོན་ཡང་རྫུན་མ་ཡིན་སྐོར་བརྗོད་འདུག ས་གནས་ཁག་ཅིག་ལ་ངོ་རྒོལ་བྱེད་མཁན་བརྒྱ་ཕྲག་ཁ་ཤས་བྱུང་ཡོད་འདུག

དེ་ཡང་ཟླ་༣ པའི་ཚེས་༡༠ ཉིན་ཨུ་རུ་སུའི་གྲོས་ཚོགས་འོག་མའི་ནང་དུ་རྩ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་འགྲོ་བཞིན་པའི་སྐབས་སུ། གྲོས་ཚོགས་འཐུས་མི་ཞིག་གིས་སྲིད་འཛིན་པུ་ཀྲེན་ཕྱི་ལོ་༢༠༢༤ ལོར་སྲིད་འཛིན་འོས་འགྲན་དུ་ལང་ཆོག་པ་བཟོ་དགོས་པའི་ཁྲིམས་འཆར་བཏོན་འདུག དེའི་རྗེས་སུ་སྔོན་ཚུད་ནས་འཆར་གཞི་དང་གྲ་སྒྲིག་བྱས་ཡོད་པ་འདྲ་བའི་བརྒྱུད་རིམ་ཞིག་ཕྱིན་ཡོད་འདུག  དེ་ཡང་གྲོས་ཚོགས་ཀྱི་ཚོགས་གཙོས་སྲིད་འཛིན་པུ་ཀྲེན་གྱིས་གྲོས་ཚོགས་ལ་ཁྲིམས་འཆར་དེའི་ཐོག་སྒེར་གྱི་བསམ་ཚུལ་བཤད་ཆེད་དུ་བཅར་རྒྱུ་ཡིན་པའི་གསལ་བསྒྲགས་བྱས། གྲོས་ཚོགས་འཐུས་མི་རྣམས་པུ་ཀྲེན་སླེབས་རྒྱུ་སྒུག་བཞིན་པའི་སྐབས་སུ། པུ་ཀྲེན་ལ་རྒྱབ་སྐྱོར་བྱེད་མཁན་ཨུ་རུ་སུ་ཆིག་སྒྲིལ་སྲིད་དོན་ཚོགས་པའི་འཐུས་མི་ཚོས། ཁྲིམས་འཆར་འདིར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་གྲོས་ཚོགས་ནང་བསྒྲགས་འདུག རྗེས་སུ་པུ་ཀྲེན་སླེབས་ནས་ཁོ་རང་སྒེར་གྱི་བསམ་ཚུལ་ལ་མ་འོངས་པར་ཨུ་རུ་སུའི་སྲིད་འཛིན་ལས་ཡུན་སྐབས་གཉིས་ཀྱི་ཚད་བཀག་ཡོད་པ་དེ་ལག་བསྟར་བྱེད་རྒྱུ་གལ་ཆེན་འཛིན་གྱི་ཡོད་ཀྱང་། ད་ལྟའི་ཆར་ཨུ་རུ་སུའི་བརྟན་ལྷིང་ལ་ཕྱིའི་རྒྱལ་ཁབ་དང་རྒྱལ་ནང་གི་ཉེན་ཁ་ཡོད་པས། འགྱུར་བ་དེ་འདྲ་ཞིག་གཏོང་བའི་དུས་སླེབས་མེད་པ། དེ་བཞིན་ཁོ་རང་ཕྱི་ལོ་༢༠༢༤ ལོར་བསྐྱར་དུ་སྲིད་འཛིན་འོས་འགྲན་བྱེད་ཆོག་པའི་ཁྲིམས་འཆར་དེར་ཨུ་རུ་སུའི་རྩ་ཁྲིམས་ཀྱི་ཁྲིམས་ཁང་གིས་རྒྱབ་སྐྱོར་ཐོབ་རྒྱུ་གལ་ཆེན་ཆགས་ཡོད་པ་ནན་བརྗོད་བྱས་འདུག ཁོང་གི་གཏམ་བཤད་རྗེས་སུ་གྲོས་ཚོགས་འོག་མའི་ནང་དུ་ཁྲིམས་འཆར་དེར་འོས་བསྡུ་བྱས་ཏེ་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

འཆར་གཞི་ལྟར་བྱས་ན་ཟླ་༤ པའི་ཚེས་༢༣ ཉིན་མང་མོས་འོས་བསྡུ་ཐག་གཅོད་ཀྱི་ལས་རིམ་གོ་སྒྲིག་བྱེད་རྒྱུ་ཡིན་ཡང་། ཏོག་དབྱིབས་ནད་དུག་ཁྱབ་བརྡལ་གྱི་ཛ་དྲག་གནས་སྟངས་རྐྱེན་གྱིས་ཟླ་༧ པའི་ཚེས་༡ བར་དུས་འགྱང་བྱས་ཡོད་པ་རེད།

མང་མོས་འོས་བསྡུ་ཐག་གཅོད་ཀྱི་གྲུབ་དོན་ལ་བརྟེན་ནས་པུ་ཀྲེན་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་། ཏུར་ཀིའི་སྲིད་འཛིན་ཨེར་གྷོན་གཉིས་ལྟར། དབང་ཆ་གཅིག་སྡུད་ཀྱི་འགོ་ཁྲིད་ཁོངས་ནས་དབང་འཛིན་དུས་ཡུན་རིང་དུ་གཏོང་ཐུབ་མཁན་གྲས་སུ་ཚུད་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།