མངའ་རིས་རིན་པོ་ཆེ་དགོངས་པ་རྫོགས་པར་མཆོད་འབུལ་སྨོན་ལམ།
སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་ཉེ་ཆར་དགུང་གྲངས་༨༠ ཐོག་སྐུ་འདས་གྲོངས་སུ་གྱུར་ཡོད་པ་བརྟེན། ཁ་སང་བདུན་ཚིགས་དང་པོ་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་སྨོན་ལམ་ཞིག་འཚོགས་གནང་འདུག

ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ལོ་༢༠༢༦ ཟླ་༢ ཚེས་༡༧ ཉིན་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་དགུང་གྲངས་༨༠ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་ནས་བློ་ཕམ་ཐོག་མྱ་ངན་གུས་འདུད་ཞུས་པ་དང་སྦྲགས། དམ་པ་གང་ཉིད་ནས་སྐུ་ཚེ་ཧྲིལ་པོར་༸གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུས་ཤིང་། བོད་བསྟན་སྲིད་དང་མི་རིགས་ལ་སྲི་ཞུ་མཐར་འཁྱོངས་བསྒྲུབས་པར་བཀའ་དྲིན་རྗེས་དྲན་དང་། དམ་པ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་ཟབ་མོ་ཡོངས་སུ་རྫོགས་ཏེ་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་མྱུར་དུ་འབྱོན་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར་ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༣ ཉིན་གུང་ཆུ་ཚོད་༡༢ ཐོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་འདུག
དེ་ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མྱ་ངན་གུས་འདུད་ཞུས་པ་དང་སྦྲགས། ༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་དགོངས་པ་རྫོགས་པའི་སྐབས་དེ་དུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལོ་གསར་གྱི་གུང་གསེང་དུ་ཕེབས་ཡོད་པས་དུས་ཐོག་མཆོད་འབུལ་སྨོན་ཚོགས་ཐུབ་མེད་པ་འགྲེལ་བརྗོད་གནང་འདུག
མངའ་རིས་རིན་པོ་ཆེ་དམ་པ་ཁོང་ནི་ཕྱི་ལོ་༡༩༤༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ཕྱི་ལོ་༡༩༥༠ ལོར་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་དུ་ངོས་འཛིན་གྱིས་འབྲས་སྤུངས་སུ་ཆོས་ཞུགས་གནང་། ཕྱི་ལོ་༡༩༥༩ ལོར་༸གོང་ས་མཆོག་དང་ལྷན་དུ་ལྷ་ས་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས་ཕྱི་ལོ་༡༩༦༩ བར་རྡོ་རྗེ་གླིང་( Joseph’s College)དུ་སློབ་གཉེར་གནང་བ་དང་། དེ་ནས་ལོ་གཉིས་རིང་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་གནང་ཡོད་འདུག
ཕྱི་ལོ་༡༩༧༡ ལོར་བཙན་བྱོལ་བོད་གཞུང་ཁོངས་སྲི་ཞུ་འགོ་འཛུགས་ཀྱིས། བོད་ཁྱིམ་དགེ་རྒན་དང་། བདེ་སྲུང་དྲུང་ཆེ་ལས་རོགས། སྐུ་སྒེར་ཡིག་ཚང་གི་དམིགས་བསལ་དྲུང་ཆེ་བཅས་ཀྱི་ཕྱག་ལས་ཕྱི་ལོ་ ༡༩༨༨ བར་རིམ་པར་གནང་བ་དང་། དེའི་ནང་ཕྱི་ལོ་༡༩༧༤ ནས་༡༩༧༧ བར། གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་སྐབས་གཉིས་པའི་ཚོགས་གཙོ་དང་། ལོ་གཉིས་རིང་དང་སློབ་དམག་སྡེ་ཨང་༢༢ པའི་ནང་ཞབས་ཞུ་བསྒྲུབས།
ཕྱི་ལོ་༡༩༩༡ ནས་༡༩༩༦ བར། སྐབས་༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་མདོ་སྨད་སྤྱི་འཐུས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་༢༠༠༧ ནས་༢༠༡༦ བར། ༸གོང་ས་༸ཏཱ་ལའི་བླ་མའི་དགེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གནང་། ཕྱི་ལོ་༢༠༡༡ ནས་༢༠༡༦ བར་༸གོང་ས་༸སྐྱབས་མགོན་༸ཏཱ་ལའི་བླ་མའི་ལས་ཁུངས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་འགན་ལྷན་ཚོགས་མིའི་ཐུགས་འགན་བཞེས།
ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནས་བཟུང་དམིགས་བསལ་ཕྱག་རོགས་ཀྱི་མཚན་གནས་ཐོག་༸གོང་ས་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ཞུ་སྒོ་དང་། སྐུ་སྒེར་ཡིག་ཚང་གི་འཛིན་སྐྱོང་ཐོག་ཕྱག་ལས་རྒྱུན་མཐུད་གནང་ཡོད་པ་བཅས་བཀོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
