མངའ་རིས་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་ཚོགས་ཆུང་ཞིག་བཙུགས་འདུག

ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༥ ཉིན་གྱི་སྔ་དྲོ། མངའ་རིས་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་མྱུར་དུ་འབྱོན་པའི་ཆེད་དུ། མངའ་རིས་རིན་པོ་ཆེ་དང་འབྲེལ་ཡོད་ལ་དྭགས་དགོན་ཁག་བརྒྱད་ཀྱི་སྐུ་ཚབ་རྣམས་བཞུགས་སྒར་དྷ་སར་ཆེད་བཅར་གྱིས་༧གོང་ས་མཆོག་ལ་མཇལ་ཁ་དང་ཐུགས་སྨོན་སྐྱབས་འཇུག་ཞུས་སོང་།
མཇལ་ཁའི་རྗེས་སུ་ཡང་སྲིད་རྩད་གཅོད་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཡོན་ཏན་ལ་བཅར་འདྲི་ཞུས་པར། ཁོང་གིས་རྒྱ་གར་དང་འཛམ་གླིང་ས་ཕྱོགས་གང་སར་མངའ་རིས་རིན་པོ་ཆེ་མཆོག་ལ་དགོངས་རྫོགས་མཆོད་འབུལ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གཙོ་བོ་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ཞིག་ཕེབས་རྒྱུ་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་བོད་ནང་དང་ལ་དྭགས། ཟངས་དཀར་བཅས་ཀྱི་དགོན་ཁག་བརྒྱད་ཀྱི་གྲྭ་བཙུན་སློབ་གཉེར་བ་རྣམས་ལ་ཤིན་ཏུ་གལ་ཆེ་ཡིན་པས་ཚང་མས་མུ་མཐུད་ཐུགས་སྨོན་གནང་རོགས་ཞེས་རེ་སྐུལ་གནང་སོང་།
དེ་བཞིན་དེ་རིང་༧གོང་ས་མཆོག་མཇལ་སྐབས། མངའ་རིས་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ཞིག་ཕེབས་ཆེད་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞུས་པར། ༧གོང་ས་མཆོག་གིས་དེ་དེ་བཞིན་ཡོང་གི་རེད་ཅེས་བཀའ་བཟང་པོ་གནང་བྱུང་ཞེས་གསུངས་སོང་།

གཞན་ཡང་། ཁོང་གིས་རིན་པོ་ཆེ་དགོངས་པ་རྫོགས་རྗེས་མངའ་རིས་ཁམས་ཚན་གྱིས་དབུ་ཁྲིད་དེ་འབྲེལ་ཡོད་དགོན་པ་ཁག་གི་འཐུས་མི་མཉམ་འཛོམས་ཀྱིས་ཚོགས་པ་ཞིག་བཙུགས་ཡོད་པ་དང་། ཚོགས་པས་རིན་པོ་ཆེ་མཆོག་ལ་མཆོད་འབུལ་སྨོན་ལམ་རྒྱ་ཆེན་ཞུ་རྒྱུ་དང་། ཡང་སྲིད་འཁྲུལ་བྲལ་འཚོལ་ཞིབ་གནང་རྒྱུ། ཡང་སྲིད་ཕེབས་གྲུབ་རྗེས་ཀྱི་སློབ་གཉེར་གནང་ཕྱོགས་སྐོར་གྱི་འགན་བཞེས་བཞིན་ཡོད་པ་གསུངས་སོང་།

མངའ་རིས་རིན་པོ་ཆེ་ནི་ཕྱི་ལོ་༡༩༤༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ཕྱི་ལོ་༡༩༥༠ ལོར་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་དུ་ངོས་འཛིན་གྱིས་འབྲས་སྤུངས་སུ་ཆོས་ཞུགས་གནང་། ཕྱི་ལོ་༡༩༧༡ ལོར་བཙན་བྱོལ་བོད་གཞུང་ཁོངས་སྲི་ཞུ་འགོ་འཛུགས་ཀྱིས། བོད་ཁྱིམ་དགེ་རྒན་དང་། བདེ་སྲུང་དྲུང་ཆེ་ལས་རོགས། སྐུ་སྒེར་ཡིག་ཚང་གི་དམིགས་བསལ་དྲུང་ཆེ་བཅས་ཀྱི་ཕྱག་ལས་ཕྱི་ལོ་༡༩༨༨ བར་རིམ་པར་གནང་བ་དང་། དེའི་ནང་ཕྱི་ལོ་ ༡༩༧༤ ནས་༡༩༧༧ བར། གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་སྐབས་གཉིས་པའི་ཚོགས་གཙོ་དང་། ལོ་གཉིས་རིང་དང་སློབ་དམག་སྡེ་ཨང་༢༢ ནང་ཞབས་ཞུ་བསྒྲུབས། ཕྱི་ལོ་༡༩༩༡ ནས་༡༩༩༦ བར། སྐབས་༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་མདོ་སྨད་སྤྱི་འཐུས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་༢༠༠༧ ནས་༢༠༡༦ བར། ༸གོང་ས་༸ཏཱ་ལའི་བླ་མའི་དགེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གནང་། ཕྱི་ལོ་༢༠༡༡ ནས་༢༠༡༦ བར་༸གོང་ས་༸སྐྱབས་མགོན་༸ཏཱ་ལའི་བླ་མའི་ལས་ཁུངས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་འགན་ལྷན་ཚོགས་མིའི་ཐུགས་འགན་བཞེས། ཕྱི་ལོ་༢༠༢༦ ཟླ་༢ ཚེས་༡༧ ཉིན་གྱི་ཕྱི་དྲོ། ༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་དགུང་གྲངས་༨༠ ཐོག་དགོངས་པ་རྫོགས་ཡོད་པ་རེད།།
གསར་འགོད་པ། བློ་བཟང་རྒྱ་མཚོ།