མངའ་རིས་སྐོར་གསུམ་གྱི་བྱུང་རབས་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར།
མི་རྒན་པ་ཚང་མ་མེད་འགྲོ་དུས་གཞོན་པ་ཚོ་ལ་ངོ་སྤྲོད་བྱེད་རྒྱུ་ཞིག་དགོས་ཀྱི་འདུག་བསམ་པའི་བསམ་བློ་དེ་འཁོར་ནས་མི་རབས་རྒན་པ་རྣམས་ལ་བཀའ་འདྲི་ཞུས་ནས་བསྡུ་རུབ་བྱས་ཏེ་མི་ལོ་བཅུ་ཕྲག་གོང་ནས་དེབ་འདིའི་རྒྱུ་ཆ་བསགས་པ་ཡིན་ཞེས་དེབ་དེ་རྩོམ་པ་པོས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༡༡ ཉིན་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། གཞུང་པ་ཚེ་རིང་ཆོས་འཕེལ་གྱིས་བརྩམས་པའི་གངས་ཏི་སེའི་ཕྱོགས་བཞིའི་ཆུ་བོ་ཁ་འབབ་རྣམ་བཞིའི་བབས་རྒྱུན་དང་། མངའ་རིས་སྐོར་གསུམ་གྱི་བྱུང་རབས་ཁྱབ་ཁོངས་བཅས་ཀྱི་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་ཡོད་པ་རེད། དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤྱི་འཐུས་པདྨ་འབྱུང་གནས་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་དབུས་པའི་མངའ་རིས་ཁུལ་གྱི་གལ་ཆེའི་མི་སྣ་ཁག་ཅིག་དང་མི་མང་རྣམས་མཉམ་འཛོམས་བྱས་འདུག
དཔེ་དེབ་དེའི་ལོ་རྒྱུས་ཀྱི་ཁུངས་གཏུགས་ས་གཙོ་བོ་དེ་མཁས་དབང་རྣམ་པའི་ངག་རྒྱུན་དང་། རྒྱལ་རབས་ཆོས་འབྱུང་ཡིན་འདུག་ལ། བརྗོད་བྱ་ནི་གངས་ཏི་སེའི་གཡས་ཡོན་གྱི་གནས་སྟངས་དང་དེའི་མཐའ་འཁོར་གྱི་དགོན་སྡེ་ཁག་གི་ལོ་རྒྱུས། མཚོ་མ་ཕམ་དང་། ཁ་བབས་ཆེན་པོ་བཞི། མངའ་རིས་ཁུལ་གྱི་རྫོང་བཞི་དང་དཔོན་དྲུག་གི་ལོ་རྒྱུས། བོད་ས་མ་ཤོར་གོང་ནས་རྒྱ་གར་ཧི་མ་ཅལ་དང་མངའ་རིས་ཁུལ་གཉིས་འབྲེལ་བ་ག་རེ་ཡོད་མེད། བོད་སྡེ་པ་གཞུང་ལ་ཁྲལ་བསྡུ་འཇལ་གྱི་སྐོར། མངའ་རིས་ཡུལ་གྱི་བག་མ་གཏོང་ལེན་སོགས་རིག་གནས་ཀྱི་ཆ་དང་། ཞིང་འབྲོག་གི་འཚོ་བ་སྐྱེལ་སྟངས་སོགས་ལེ་ཚན་༡༠༨ དང་ཤོག་ངོས་༥༣༣ གྱིས་གྲུབ་པའི་དེབ་ཅིག་རེད།
དཔེ་དེབ་དེའི་ནང་གི་ལོ་རྒྱུས་གཞུང་པ་ཚེ་རིང་ཆོས་འཕེལ་གྱིས་ངག་ནས་བརྗོད་དེ། བསྟན་འཛིན་ནོར་བུས་ཡི་གེར་བཏབ་པ་ཞིག་རེད་འདུག་ལ། ཀརྨ་སྨོན་ལམ་གྱིས་ཞུ་དག་བགྱིས་ཅིང་ཨ་མྱེས་རྨ་ཆེན་མཁས་དབང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་འདུག
རྩོམ་པ་པོས་དེབ་འདི་བརྩམས་དགོས་པའི་རྒྱུ་མཚན་དང་འབྲེལ་ནས་གསུང་དོན་དུ། “དང་པོ་བྲོས་བྱོལ་དུ་འབྱོར་དུས་མགྱོགས་པོར་བོད་ལ་ལོག་ཐུབ་པའི་བསམ་བློ་ཡོད། དེ་ནས་ལོ་གཅིག་སོང་། གཉིས་སོང་། གཉིས་ནས་གསུམ་སོང་ནས་ལོག་མ་ཐུབ་དུས། མི་རྒན་པ་ཁ་ཤས་ལ་སྐད་ཆ་དྲིས་པར་རང་བཙན་མགྱོགས་པོར་ཐོབ་ཐུབ་ས་མ་རེད། ད་ལུས་ས་རེད་ཟེར། དེ་ནས་ང་ཚོའི་གཏམ་དཔེར། མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཁུང་གི་སྤྲེའུ་དང་འདྲ། ཞེས་བཤད་སྲོལ་ཡོད་པ་བཞིན། གཞོན་པའི་བློ་ལ་འཇོག་རྒྱུ་ཞིག་རྒན་རབས་ཚང་མས་བྱེད་དགོས་ཀྱི་ཡོད་རེད། མི་རྒན་པ་ཚང་མ་མེད་འགྲོ་དུས་གཞོན་པ་ཚོ་ལ་ངོ་སྤྲོད་བྱེད་རྒྱུ་ཞིག་དགོས་ཀྱི་འདུག་བསམ་པའི་བསམ་བློ་དེ་འཁོར་ནས་མི་རབས་རྒན་པ་རྣམས་ལ་བཀའ་འདྲི་ཞུས་ནས་བསྡུ་རུབ་བྱས་ཏེ་མི་ལོ་བཅུ་བཅུ་གཅིག་གོང་ནས་དེབ་འདི་བསགས་པ་ཡིན། དེབ་འདི་གཅིག་བཟོ་ཐུབ་ན་མངའ་རིས་ཙམ་མིན་པར་བོད་གཞུང་དགའ་ལྡན་ཕོ་བྲང་ལ་ཡང་དབུ་འོག་དཔུང་འདེགས་རེད་འགྲོ་ཡི་འདུག་བསམ་བྱུང་”ཞེས་དང་། ཡང་ཁོང་གིས་གསུང་དོན་དུ། “ཕྱི་ལོ་༡༩༨༣ ལོར་ཐེངས་དང་པོ་དང་། དེའི་རྗེས་སུ་ཐེངས་གཅིག་བཅས་རིམ་པས་གཉེན་འཕྲད་དང་ལས་དོན་གྱི་ཕྱིར་དུ་ཕ་ཡུལ་ལ་ཕྱིན་པ་ཡིན་དེ། དེའི་སྐབས་དགོན་པ་གཏོར་བཤིག་ཚང་མ་མཐོང་སོང་། དགོན་ཤུལ་ཚང་མ་གྱང་རོ་མ་གཏོགས་ལྷག་མི་འདུག མི་ཚང་མར་ཟས་གོས་ཀྱིས་མ་འདང་པའི་དཀའ་ངལ་འདུག རྗེས་མ་འགྲོ་དུས་འཚོ་བའི་ཐད་ནས་སྔ་མ་འགྲོ་སྐབས་ལས་ཏོག་ཙམ་དྲག་ཏུ་འདུག་དེ། གཉེན་འཕྲད་བྱུང་བ་ཐུབ་ཙམ་ལས་མེད་དུས་གཞིས་བྱེས་ཤུགས་ཆེན་པོ་ཁ་བྲལ་འགྲོ་ཡི་འདུག་བསམ་པའི་བསམ་བློ་ཤུགས་དྲག་བྱུང་། དེའི་ཐོག་ལ་སེམས་ཁྲལ་འདྲ་བྱས་ནས་འབྱུང་འགྱུར་གྱི་ལོ་གཞོན་པ་རྣམས་ལ་ཕན་ཐོགས་ཀྱི་རེད་བསམ་པའི་དམིགས་ཡུལ་དེ་བཟུང་ནས་དེབ་འདི་བྲིས་པ་ཡིན།”ཞེས་བརྗོད་བྱུང་།
གཞུང་པ་ཚེ་རིང་ཆོས་འཕེལ་ནི་ད་ལྟ་དགུང་ལོ་༨༡ ལ་སོན་ཡོད་ཅིང་། བོད་ས་མ་ཤོར་གོང་དུ་མི་ལོ་༢༤ ཙམ་བོད་ནང་གནས་ནས་རྗེས་སུ་དུས་འགྱུར་གྱི་སྐབས་སུ་རྒྱ་གར་ནང་བྲོས་བྱོར་དུ་འབྱོར་རྗེས་ལམ་བཟོ་དང་། མཉམ་ལས་སོགས་སུ་ལོ་མང་གི་རིང་ཕྱག་ལས་གནང་ཐོག མངའ་རིས་སྤྱི་མཐུན་ཚོགས་པ་ཐོག་མར་བཙུགས་མཁན་གྱི་མི་སྣ་གཙོ་གྲས་ཤིག་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།