མཉམ་འབྲེལ་རྒྱལ་ཁབ་ཏུ་ཊོམ་གྱིས་རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱས་འདུག 

མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་སྐབས་སུ། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཐོག་འགན་ཁུར་དགོས་ཀྱི་ཡོད་པ་དང་། རྒྱལ་ཁབ་ཚོས་ཐོག་མར་སོ་སོའི་རྒྱལ་ཁབ་དང་མི་མང་ལ་སེམས་ཁུར་བྱེད་དགོས་པ་ལས། གྲུབ་འབྲས་ཐོན་རྒྱུ་མེད་པའི་མཉམ་ལས་བཤད་ནས་ཕན་ཐོགས་མེད་སྐོར་བརྗོད་འདུག 

ཟླ་༩ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༢ ཉིན་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་དྲ་ཐོག་ནས་འཚོགས་འདུག དེ་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་དང་། གྲོས་ཚོགས་ཀྱི་ལྟེ་གནས་ནིའུ་ཡོག་གྲོང་ཁྱེར་དུ་ཉིན་གྲངས་༡༤ ཡི་ཟུར་བཀག་སྡོད་དགོས་པའི་སྒྲིག་འཛུགས་ལ་བརྟེན་ནས། རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྔོན་ཚུད་ནས་གཏམ་བཤད་བསྡུ་འཇུག་བྱས་ཡོད་འདུག་པ་དང་། དྲ་ཐོག་གྲོས་ཚོགས་སྐབས་སུ་གཏམ་བཤད་རྣམས་ཤར་གཏོང་བྱས་ཡོད་འདུག 

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིའི་ནང་ཏོག་དབྱིབས་ནད་དུག་ཐོག་སྔོན་འགོག་ཐད་ཀྱི་ལས་དོན་དང་། ཨི་ཛེ་རིལ་དང་ཨ་རབ་རྒྱལ་ཁབ་ཁག་ཅིག་བར་གྱི་ཞི་བའི་འབྲེལ་ལམ་གསར་འཛུགས་སོགས་ཀྱི་ཐོག་ཁོང་གིས་གྲུབ་འབྲས་ཐོན་ཡོད་སྐོར་བརྗོད་པ་དང་། འཛམ་གླིང་ནང་རྒྱ་ནག་གི་ནད་འབུ་ཞེས་པའི་ཚིག་བེད་སྤྱད་ནས་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ནད་དུག་ཁྱབ་གདལ་དེ་རྒྱ་ནག་ལ་འགན་ཡོད་པ་ངོས་འཛིན་བྱེད་དགོས་པ། རྒྱ་ནག་གིས་དེ་སྔོན་རྒྱལ་ནང་དུ་གནམ་གྲུ་འཕུར་རྒྱུ་བཀག་འགོག་བྱས་ནའང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཏུ་འཕུར་དུ་བཅུག་ནས་ནད་དུག་ཁྱབ་གདལ་བཏང་ཡོད་པ། རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སྟངས་འཛིན་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐྱོན་བརྗོད་བྱས་འདུག དེ་བཞིན་ཁོང་གིས་འགོ་ཁྲིད་ཚོས་ཐོག་མར་སོ་སོའི་རྒྱལ་ཁབ་དང་མི་མང་ལ་སེམས་ཁུར་བྱེད་དགོས་པ་ལས། རྒྱལ་སྤྱིའི་རིང་ལུགས་ཀྱི་ཆེད་དུ་སོ་སོའི་མི་མང་བློས་གཏོང་བྱེད་མི་རུང་བ། སོ་སོའི་མི་མང་གི་བདེ་སྡུག་ལ་ཞབས་ཞུ་སྒྲུབ་ཐུབ་ཚེ་རྒྱལ་སྤྱིའི་ནང་མཉམ་ལས་གཞི་རྩ་འབྱུང་རྒྱུ་ཡིན་སྐོར་བསྒྲགས་འདུག 

སྲིད་འཛིན་ཊོམ་གྱི་གཏམ་བཤད་དེ་དང་འབྲེལ་ནས་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས་གཞུང་ཚབ་ཁང་ནས་ཊོམ་གྱི་ཉེས་འཛུགས་དེ་དག་ནི་ཁུངས་མེད་ཡིན་པས་ངོས་ལེན་མེད་པ་དང་། ཨ་རིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་དེར་གྲུབ་འབྲས་གང་ཡང་ཐོན་མེད་སྐོར་བརྗོད་འདུག 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་སུ་གང་དང་མཉམ་དུ་གྲང་དམག་རྒྱག་འདོད་མེད་སྐོར་དང་། རང་དབང་ལྡན་པའི་དཔལ་འབྱོར་ཁོར་ཡུག་ལ་རྒྱབ་སྐྱོར་ཡོད་པ་ལས། རང་གི་ཚོང་ཟོག་སྲུང་སྐྱོབ་བྱེད་པའི་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མི་རུང་། དེ་བཞིན་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ་བཟོ་སྐྲུན་ལེགས་གྲུབ་བྱུང་རྗེས། དེ་ནི་འཛམ་གླིང་མི་མང་གི་ཅ་དངོས་ཞིག་ཆགས་རྒྱུ་ཡིན་པ་དང་། དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ལ་དགོས་གལ་གཞིར་བཞག་གིས་མཁོ་སྤྲོད་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག 

མཉམ་འབྲེལ་རྒྱལ་ཁབ་ཀྱི་དྲུང་ཆེས་ཨ་རྒྱ་གཉིས་བར་གྱི་འགལ་ཟླ་དེའི་ཁ་ཕྱོགས་ཉེན་ཚབས་ཅན་ཞིག་ཏུ་འགྲོ་བཞིན་ཡོད་པའི་ཉེན་བརྡ་དང་། དེ་བཞིན་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ་ཐོག་རྒྱལ་ཞེན་རིང་ལུགས་ལག་བསྟར་མི་བྱེད་པའི་རེ་སྐུལ་བྱས་འདུག 

ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་ཨུ་རུ་སུའི་སྔོན་འགོག་སྨན་ཁབ་ནི་བདེ་འཇགས་ལྡན་པ་དང་གྲུབ་འབྲས་ཐོན་གྱི་ཡོད་པ་དང་། རྒྱལ་ཚོགས་ཀྱི་ལས་བྱེད་ཚོར་རིན་མེད་ཐོག་སྤྲོད་འདོད་ཡོད་སྐོར་བསྒྲགས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།