མཉེན་ཆས་སི་ཀཱེབ་རྒྱ་ནག་གི་ཀུ་ཤུ་དང་ཨན་ཌོ་མ་ལག་ནས་མེད་པ་བཟོས་འདུག

རྒྱ་ནག་ནས་སྤྱི་ཚོགས་དྲ་རྒྱ་སི་ཀཱེབ་(skype)ཀུ་ཤུའི་མ་ལག་དང་ཨན་ཌོར་མ་ལག་ནས་མེད་པ་བཟོ་དགོས་འཁེལ་ཡོད་འདུག་ཅིང་། དེ་ནི་སྤྱི་ཚོགས་དྲ་རྒྱ་མང་པོ་ཞིག་བཀག་འགོག་བྱས་པའི་ཁྲོད་ནས་འཕྱི་ཤོས་དེ་ཆགས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༢༢ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཚོགས་དྲ་རྒྱ་སི་ཀཱེབ་(Skype) ནང་གི་སྐད་ཆ་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་བརྡལ་བཤིག་གཏོང་གི་ཡོད་པའི་ཉེས་འཛུགས་འོག རྒྱ་ནག་ནང་གི་ཀུ་ཤུའི་མ་ལག་ནས་སི་ཀཱེབ་མེད་པ་བཟོ་དགོས་ཁེལ་ཡོད་པ་དང་། རྒྱ་ནག་ནས་སི་ཀཱེབ་བེད་སྤྱོད་བྱེད་མཁན་རྣམས་ཀྱིས་བདུན་ཕྲག་ཁ་ཤས་ཀྱི་གོང་ནས་བཟུང་ཀུ་ཤུའི་མ་ལག་དང་ཨན་ཌོར་མ་ལག་གཉིས་ཀའི་ནང་ཕབ་ལེན་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་འདུག

ཀུ་ཤུའི་ཚོང་ལས་ཁང་གིས་“མི་དམངས་བདེ་འཇགས་ལྷན་ཁང་གིས་ང་ཚོར་སི་ཀེབ་ཐོག་གི་སྐད་ཆ་མང་པོ་ཞིག་རྒྱ་ནག་གི་ཁྲིམས་ལས་འགལ་གྱི་ཡོད་པའི་བརྡ་བཏང་བྱུང་། དེར་བརྟེན་མཉེན་ཆས་འདི་དག་ཀུ་ཤུའི་མ་ལག་ནས་བཏོན་པ་རེད་”ཅེས་གློག་འཕྲིན་བརྒྱུད་བརྗོད་ཡོད་འདུག་ཀྱང་། ཚོང་ལས་ཁང་གི་ངོས་ནས་རྒྱ་ནག་གི་ཁྲིམས་ལུགས་གང་དང་འགལ་ཡོད་མེད་ཞིབ་ཕྲ་བརྗོད་མེད་འདུག འོན་ཀྱང་། སི་ཀཱེབ་མཉེན་ཆས་ཀྱི་བདག་པོ་མ་ཁི་རོ་སི་ཧྥི་ཊིའི་མགྲིན་ཚབ་པ་ཞིག་གིས་སི་ཀ་པི་གནས་སྐབས་རིང་རྒྱ་ནག་ནང་གི་ཀུ་ཤུའི་མ་ལག་ནས་མེད་པ་བཟོས་པ་ཞིག་ཡིན་པ་དང་། གང་མགྱོགས་བསྐྱར་དུ་འཇོག་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

ད་ཐེངས་རྒྱ་ནག་གིས་སི་ཀཱེབ་མཉེན་ཆས་བཀག་སྡོམ་བྱེད་པ་འདི་ནི་ཟླ་རྗེས་མར་རྒྱ་ནག་ནང་འཛམ་གླིང་དྲ་རྒྱའི་ལྷན་ཚོགས་ཐེངས་༤ དེ་འཚོག་ལ་ཉེ་བའི་སྐབས་སུ་བྱུང་བ་ཞིག་ཡིན་འདུག

མ་གཞི་འདི་ལོར་རྒྱ་ནག་གིས་དྲ་རྒྱ་དོ་དམ་གྱི་སྲིད་ཇུས་དམ་དུ་བཏང་སྟེ་འཕྲུལ་རིགས་ཚོང་གཉེར་ཁང་རྣམས་ལ་རྒྱ་ནག་ནང་གི་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་ཐོ་ཉར་དགོས་པའི་ཁྲིམས་གསར་བཟོ་དང་། ཁྲིམས་མཐུན་གྱི་བྱ་སྤྱོད་རྣམས་ལ་ཡང་བཀག་སྡོམ་གསར་པ་བྱས་པ་བཅས་ཀྱི་ཐོག་ནས་དྲ་རྒྱའི་དོ་དམ་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། སྤྱི་ཚོགས་དྲ་རྒྱ་ངོ་དེབ་དང་། ཊུ་ཊེར།  གྷོ་གྷེལ་འཚོལ་བཤེར་མ་ལག་དང་བཅས་པ་བཀག་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།