མཐོ་རིམ་སློབ་མ་རྣམས་ཀྱིས་དགྲ་དགའ་གཉེན་སྡུག་མི་བྱ་རྒྱུའི་དམ་བཅའ།
ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢༨ ཉིན། ༧གོང་ས་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༡༨ པའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་བསྩལ་འདུག

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༡༨ པ་དེ་ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢༡ ནས་༢༦ བར། ལྷོ་ཕྱོགས་དགའ་ལྡན་ཤར་རྩེའི་ཆོས་ར་ལེགས་བཤད་ཀུན་སྒྲོག་གླིང་དུ་ཚོགས་འདུག
ཚོགས་ཆེན་གྱི་ཉིན་གྲངས་ལྔ་ཙམ་གྱི་རིང་། ༧གོང་ས་མཆོག་གི་གསུང་རྩོམ་གྲགས་ཅན་<<བདེ་སྐྱིད་ཀྱི་བསྟན་བཅོས།>><<ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད།>><<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག>><<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།>><<བཙན་བྱོལ་ནང་གི་རང་དབང་།>><<བོད་དང་བོད་མིའི་མགྲིན་ཚབ།>>བཅས་ཀྱི་ནང་དོན་གལ་གནད་ཆེ་བ་ཁག་ཅིག་བརྗོད་གཞིར་ཆ་བགོས་ཀྱིས་བགྲོ་གླེང་དང་བྱེད་སྒོ་སྤེལ་ཡོད་པ་དང་། བོད་ཀྱི་ཐུན་མིན་སྐད་ཡིག་དང་རིག་གཞུང་གི་སྐོར། བོད་ཀྱི་ཆོས་དང་རིག་གསར་ཚན་རིག་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ཡོད་པ་མ་ཟད། སྙིང་རྗེའི་འགྲེལ་བཤད་དང་དགེ་མཚན། སེམས་ནད་བཅོས་ཐབས་སུ་སྒོམ་སྒྲུབ་ཀྱི་ཕན་ནུས་དང་ཕ་མའི་བཀའ་དྲིན་བསམ་སྟངས་སྒོམ་ཁྲིད། རྨི་ལམ་དང་འབྲེལ་བའི་ཉམས་ཞིབ་སྐོར། ཆོལ་གསུམ་ཆིག་སྒྲིལ་སྐོར། སྐད་ཡིག་དང་བསམ་བློའི་འབྲེལ། རྒྱལ་སྤྱིའི་ཆབ་སྲིད་སོགས་བརྗོད་གཞི་སྣ་ཚོགས་ཐོག་གསུང་བཤད་གནང་མཁན་བཅུ་ལྷག་གདན་ཞུ་གནང་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་མཐོ་རིམ་སློབ་གཉེར་ཁང་དང་དགོན་སྡེ་ཁག་༣༠ ལྷག་ནས་སློབ་གཉེར་བ་༨༠ ལྷག་ཚོགས་ཞུགས་གནང་ཡོད་པ་མ་ཟད། ཚོགས་ཆེན་གྱི་ཉིན་མཐའ་མའི་སྐབས། ཚོགས་བཅར་པ་རྣམས་ཀྱིས་རྣམས་ཀྱིས་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་སྔོན་ཆད་བོད་དང་བོད་མིའི་བདེ་དོན་ལ་གནོད་པའི་བསམ་སྦྱོར་ངན་པ་ཅི་བྱས་ལ་འགྱོད་བཤགས་དང་། ཕྱིན་ཆད་ཀྱང་། བོད་མི་ནང་ཁུལ་ཆོས་རྒྱུད་ཀྱི་ཆགས་སྡང་དང་། ཆོལ་ཁའི་འཐེན་ཁྱེར་སོགས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་འཐོར་ཞིག་འགྲོ་རྒྱུའི་དགྲ་དགའ་གཉེན་སྡུག་གི་ལས་ལ་ནམ་ཡང་མི་ཞུགས་རྒྱུ་དང་། དེ་བཞིན་དུས་ད་ནས་བཟུང་བོད་མི་ནང་ཁུལ་ལ་སྐད་ཡིག་གཉིས་པ་བཀོལ་སྤྱོད་མི་བྱེད་པར་གང་ཐུབ་ཀྱིས་བོད་སྐད་གཙང་མ་བཤད་རྒྱུའི་ཁས་ལེན་དམ་བཅའ་ཞུས་ཡོད་འདུག
སྤྱིར་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་ཐོག་མར་ཕྱི་ལོ་༢༠༠༦ ལོར་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་མཐོ་རིམ་སློབ་མར་ཟབ་སྦྱོང་གནང་སྐབས། ཚོགས་ཞུགས་མཐོ་རིམ་སློབ་མ་ཁག་ཅིག་གིས་བོད་ཕྲུག་མཐོ་རིམ་སློབ་མ་རང་གི་ཚོགས་ཆེན་ཞིག་ཚོགས་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་སྐོར་བསམ་ཚུལ་བྱུང་དོན་ལྟར། ཚོགས་ཆེན་ཐེངས་དང་པོ་རྒྱ་གར་ལྷོ་ཕྱོགས་མེང་ལོར་དུ་ཚོགས་ཡོད་པ་དང་། དེ་ནས་རིམ་པས་རྒྱ་གར་ནང་གི་བོད་པའི་སློབ་མ་ཡོད་སའི་ས་གནས་ཁག་ཏུ་རེས་མོས་ཀྱིས་གོ་སྒྲིག་ཞུས་མུས་ཡིན་པ་རེད། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་འབོད་སྒྲ་ནི་རང་ངོ་རང་ཤེས་དང་རང་འགན་རང་ཁུར་ཞེས་པ་རེད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།
