མདའ་ཡིའི་དབྱངས་ཞེས་པའི་སྙན་དེབ་དབུ་འབྱེད།
ཟླ་འདིའི་ཚེས་༡༢ ཉིན་གྱི་ཕྱི་དྲོ་དྷ་ས་བདེ་དོན་ཁོར་ཡུག་ཚོགས་ཁང་དུ་རྩོམ་པ་པོ་ལྡུམ་ར་བུ་ཆུང་བསོད་ནམས་ཀྱིས་དབྱིན་ཡིག་ཐོག་བརྩམས་པའི་སྙན་ངག་<<མདའ་ཡིའི་དབྱངས་>> (Song of the Arrow) ཞེས་པ་དེ་དབུ་འབྱེད་བྱས་ཡོད་པ་རེད།
དབུ་འབྱེད་མཛད་སྒོའི་ཐོག་མི་ཧ་ཅང་མང་པོ་འཛོམས་ཡོད་པ་དང་། དེར་རྩོམ་པ་པོ་བུ་ཆུང་བསོད་ནམས་དང་། རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས། སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ། བོད་ཡིག་ཐོག་སྙན་ངག་འབྲི་མཁན་སྨིན་སྣང་མཛེས་བཅས་ཀྱིས་སྙན་ངག་ཁག་ཅིག་གྱེར་འདོན་བྱས་ཡོད་པ་རེད།
བུ་ཆུང་བསོད་ནམས་ཀྱིས་སྙན་དེབ་དེའི་ཁ་བྱང་ཡོང་ཁུངས་སྐོར་འགྲེལ་བརྗོད་གནང་བ་ལྟར་ན། ༡༦༣༩ ལོར་རྒྱལ་དབང་ལྔ་པ་དང་སྐུ་བཅར་བསོད་ནམས་ཆོས་འཕེལ་གཉིས་ཀྱིས་སོག་པོའི་རྒྱལ་པོ་ཀུར་ཤི་ཁང་ལ། ཁོང་ཆོས་པ་ཞིག་ཡིན་པས། སོག་པོའི་དམག་ཡར་ཡོང་དགོས་དོན་མི་འདུག གཙང་ལ་དམག་རྒྱག་དགོས་དོན་མི་འདུག་ཅེས་ཡི་གེ་ཞིག་གཏོང་སྐབས། རྒྱལ་དབང་ལྔ་པའི་རང་རྣམ་ནང་གསལ་བ་ལྟར་ན། ཡི་གེ་དེ་མ་བཏང་སྔོན་སྐུ་བཅར་བསོད་ནམས་ཆོས་འཕེལ་དང་ཨ་སྒྲོམ་གཉིས་ཀྱི་བར་ལ་སྐད་ཆ་མང་པོ་ཞིག་བྱུང་ཡོད་ཚོད་འདུག སྐབས་དེར་རྒྱལ་དབང་ལྔ་པས་ ‘གླིང་བུའི་སྐད་སྙན་པོ་དེ་མདའ་ཡི་སྐད་ལ་འགྱུར་’མི་ཡོང་སྙམ་པའི་ཐུགས་འཚབ་ཡོད་སྐོར་གསུངས་ཡོད་པས། དེབ་ཀྱི་ཁ་བྱང་དེ་ནས་བྱུང་ཡོད་འདུག
དེབ་དེ་བོད་སྨྱུག་གིས་པར་སྐྲུན་བྱས་པ་ཞིག་ཡིན་པ་དང་། དེའི་ནང་སྙན་ངག་ཁག་༣༡ དང་། བརྩམས་སྒྲུང་གཅིག་བཅས་ཡོད་པ་པའི་ནང་། སྙན་ངག་གཡོན་རུ་དཔོན་གྱི་བུ་མོ། ནིའུ་ཡོག་གི་བོད་ཁང་། ང་ཁྱི་ཡིན། མདའི་རྩེ་ལ་དུག་མེད་སོགས་ཡིན་པ་རེད།
རྩོམ་པ་པོའི་སྙན་དེབ་སྐོར་ངོ་སྤྲོད་གནང་དོན། “ཆབ་སྲིད་ཀྱི་འཕོ་འགྱུར་དང་། སྤྱི་ཚོགས་ཐོག་བསམ་ཚུལ་དང་། མི་ཚེའི་ནང་བྱུང་བའི་མཉམ་མྱོང་སོགས་རེད། འཐབ་རྩོད་ནང་སྒྱུ་རྩལ་གྱིས་ཞབས་ཞུ་དགོས་པ་དེ་གལ་ཆེན་པོ་རེད་ལ། ང་ཚོའི་བོད་དོན་འཐབ་རྩོད་དེ་རྒྱལ་ཁ་ཐོབ་མིན་དེ་དང་པོ་ང་ཚོས་དཀའ་ལས་རྒྱག་ཐུབ་མིན་དང་། གཉིས་པ་དེ་རྒྱལ་སྤྱིའི་མི་མང་གི་རྒྱབ་སྐྱོར་ཡིན་པས། མི་མང་ལ་ལམ་སང་ཆབ་སྲིད་བཤད། ང་ཚོ་བོད་པར་རྒྱབ་སྐྱོར་བྱེད་རོགས་ལབ་ན་ཁག་པོ་རེད། སྙན་ངག་དང་གཞས་ཞབས་བྲོ། རི་མོ་སོགས་བརྒྱུད་ན་མི་མང་ཡོང་ཐུབ་པ་དང་། ཚང་མས་མོས་མཐུན་ཡོད་སའི་སྡིངས་ཆ་ཞིག་ཡིན་པས། དེ་གལ་ཆེན་པོ་རེད་”ཅེས་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
