མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན་ཐེངས་༢༤ པ་མཇུག་བསྒྲིལ།
ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༡ ནས་༡༣ བར་ཉིན་གསུམ་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མངའ་ཁུལ་བོད་སྒར་བསམ་ཡས་གླིང་མདོ་ཁམས་ཆུ་བཞི་སྒང་དྲུག་དཔའ་བོའི་རྗེས་དྲན་ཚོགས་ཁང་དུ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན་ཐེངས་༢༤ པ་དེ་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ས་གནས་ཁག་༢༧ ཙམ་ནས་ཚོགས་གཙོ་དང་དྲུང་ཆེ། སྐུ་ཚབ་སོགས་ཁྱོན་༩༠ ལྷག་ཚོགས་ཞུགས་བྱས་ཡོད་འདུག

ཚོགས་འདུའི་ཉིན་གསུམ་གྱི་རིང་། ཉི་མ་ཆོས་སྒྲོན་ལགས་ཀྱིས་བརྩམས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་༼THE CHU BZHI SGANG DRUG RESISTANCE MOVEMENT AGAINST THE CHINESE OCCUPATION OF TIBET (JUNE 1958 TO APRIL 1959༽ ཞེས་པ་དབུ་འབྱེད་གནང་པ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་སྒྲིག་འཛུགས་འདིར་དུས་ཀུན་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་དང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་མང་དག་ལ་ལེགས་གསོལ་ཕྱག་རྟགས་ཕྱག་ཁྱེར་ཕུལ་བ། ཕྱི་ལོ་༢༠༢༣ ནས་༢༠༢༦ བར་གྱི་ལས་བསྡོམས་སྙན་ཐོ་སྒྲོག་སྦྱང་དང་ལས་བསྡོམས་ཐོག་བགྲོ་གླེང་། དབུས་ཀྱི་རྩིས་ཁྲ་དང་འབྲེལ་བའི་ཐོག་ལ་བགྲོ་གླེང་། སྐབས་༡༠ པའི་རྩིས་ཞིབ་ཚོགས་ཆུང་མི་འགྲོ་བསྐོ་གཞག་སོགས་གནང་འདུག
ཚོགས་ཆེན་གྱི་ཉིན་གསུམ་པའི་ཐོག ༧གོང་ས་མཆོག་གི་དགུང་གྲངས་༩༠ བཞེས་པའི་དགའ་སྟོན་བརྟན་བཞུགས་དེ་བཞིན། བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་ཐོག་དབུས་རྒྱུན་གསར་རྙིང་ཐུན་མོང་ནས་མཇུག་སྐྱོང་ཚགས་ཚུད་གནང་རྒྱུ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཟུར་རྣམ་པར་ཆེ་བསྟོད་དང་བཀའ་དྲིན་རྗེས་དྲན་ཞུ་སླད། དབུས་ས་གཉིས་ནས་མཛད་སྒོ་ཆེ་ཁག་ཐོག་གདན་ཞུས་ཀྱིས་ཆེ་མཐོང་དང་། རྒྱུན་དུ་བསྙེན་བཀུར་གང་ལེགས་དགོས་རྒྱུ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་མི་རྣམ་པའི་མངོན་འདོད་བཞིན། དབུས་ས་གཉིས་ནས་བོད་རང་དབང་རང་བཙན་འཐབ་རྩོད་ཐོག་ནུས་ཤུགས་སྔར་ལྷག་འདོན་རྒྱུ་དང་། བོད་རང་བཙན་འཐབ་རྩོད་དང་འབྲེལ་བའི་ཁུངས་ལྡན་ལོ་རྒྱུས་ཡིག་ཚགས་ཁྱབ་སྤེལ་རྒྱ་ཆེ་གནང་རྒྱུ། སྐབས་༢༤ པའི་དབུས་རྒྱུན་རྣམ་པས་མདོ་ཁམས་ལོ་རྒྱུས་ཆེན་མོ་རྩོམ་གནང་ཕྱོགས་ཐད་མི་འགྲོ་འདེམས་བསྒྲུག་གནང་རྒྱུ། ཕྱི་རྒྱལ་ཡུལ་གྲུའི་ཁྱབ་ཁོངས་ས་གནས་ཁག་ནས་གཟའ་མཇུག་བོད་ཡིག་འཛིན་གྲྭ་གསར་འཛུགས་ཀྱིས་བོད་ཀྱི་ཆོས་རིག་སྤྱི་དང་། བསྟན་སྲུང་དང་བླངས་དམག་གི་ལོ་རྒྱུས་སློབ་ཁྲིད་ཞུས་ཏེ། གཞོན་སྐྱེས་རྣམ་པར་ཐབས་ལམ་སྣ་ཚོས་བརྒྱུད་དེ་རྒྱལ་ཞེན་སྙིང་སྟོབས་བསྐྲུན་ཐབས་དགོས་རྒྱུ་སོགས་གྲོས་ཆོད་དོན་ཚན་བཅུ་དྲུག་བཞག་གནང་འདུག
ཚོགས་ཆེན་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་སྐབས་༢༤ པའི་ཚོགས་གཙོ་དགེ་བཤེས་བློ་བཟང་སྙན་གྲགས། ཚོགས་གཞོན་སྐལ་བཟང་ཤེས་རབ། དྲུང་ཆེ་ཀརྨ་བསམ་འགྲུབ། དྲུང་གཞོན་ཀརྨ་བློ་གྲོས། དངུལ་གཉེར་དགེ་བཤེས་བསྟན་འཛིན་དངོས་གྲུབ། མཐུན་འགན་པདྨ་ཆོས་རྒྱལ། དེ་བཞིན་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་ཟུར་པདྨ་བདེ་ལེགས། ཚེ་རིང་རྡོ་རྗེ་ལགས། བྱང་ཆུབ་རིན་ཆེན། དགེ་བཤེས་ཕུན་ཚོགས་ཚུལ་འཛིན་བཅས་དབུས་རྒྱུན་དུ་བསྐོ་གཞག་གནང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
