མདོ་ཁམས༌འབྲི་རུ་ནས་ཡིན་པའི་བུད་མེད་ཅིག་རྒྱ་ནག་གཞུང་གི་བཀག་ཉར་རྡུང་རྡེག་འོག་གྲོངས་འདུག 

རྒྱ་ནག་གཞུང་གིས་མདོ་ཁམས་འབྲི་རུ་ནས་ཡིན་པའི་སྐྱེས་པ་གཅིག་དང་། བུད་མེད་གཅིག་རྒྱ་གར་ལ་སྒོར་མོ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། བུད་མེད་དེ་འདྲི་གཅོད་རྡུང་རྡེག་འོག་གྲོངས་པའི་གནས་ཚུལ་བྱུང་འདུག

སྐྱེས་པ་དེའི་མིང་ལ་བསྟན་འཛིན་ཐར་པ་དང་། བུད་མེད་དེའི་མིང་ལ་ལྷ་མོ་ཟེར་གྱི་ཡོད་འདུག་ཅིང་། ཁོང་གཉིས་  ༢༠༢༠ ལོའི་ཟླ་༦ པའི་ནང་རྒྱ་གཞུང་གི་ཉེན་རྟོག་པས་སྔ་རྗེས་སུ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག 

 འབྲི་རུ་རྫོང་ཆགས་རྩེ་ཡུལ་ཚོ་དབུས་ལུང་གྲོང་(ཆགས་རྩེ་ཤང་གི་གྲོང་ཚོ་བཞི་པ་ཡིན།)ནས་ཡིན་པའི་བསྟན་འཛིན་ཐར་པ་འཛིན་བཟུང་བྱས་ནས་ཉིན་གཉིས་པའི་མཚན་མོར། ཁོང་གི་ཞང་པོའི་བུ་མོ་ལྷ་མོ་ཡང་འཛིན་བཟུང་བྱས་ཡོད་འདུག་པ་དང་། མོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི་མོས་བསྟན་འཛིན་ཐར་པ་བརྒྱུད་ནས་རྒྱ་གར་ལ་དངུལ་བཏང་ཡོད་པས་ཡིན་འདུག 

ལྷ་མོ་འཛིན་བཟུང་བྱས་ནས་ཉིན་ཤས་ཀྱི་རྗེས་སུ་ཉེན་རྟོག་པ་ཁ་ཤས་ལྷ་མོའི་ཁྱིམ་དུ་འཛུལ་ནས་ཅ་དངོས་སྔོག་བཤེར་བྱས་ཏེ། ༸གོང་ས་མཆོག་གི་སྐུ་པར་དང་བཀའ་ཆོས་ཀྱི་འོད་སྡེར་སོགས་ཁྱེར་ཡོད་འདུག

ལྷ་མོ་འཛིན་བཟུང་བྱས་ནས་ཟླ་བ་གཉིས་ཙམ་ཕྱིན་པའི་རྗེས་ཏེ།  ༢༠༢༠ ལོའི་ཟླ་ ༨ པའི་ནང་དུ་ཉེན་རྟོག་པས་ལྷ་མོའི་ནང་མིར་ཁ་པར་བཏང་ནས་གང་མགྱོགས་ནག་ཆུའི་སྨན་ཁང་ཞིག་ཏུ་ཡོང་དགོས་སྐོར་བཤད་འདུག་པ་དང་།  ནང་མི་རྣམས་དེར་འབྱོར་དུས་ལྷ་མོ་མིག་གིས་ཅུང་ཟད་བལྟ་ཐུབ་པ་ལས་ཁ་གྲག་མི་ཐུབ་པ་དང་། ངོ་གདོང་ཡོངས་རྫོགས་སྐྲང་ཞིང་སྔོན་པོ་ཆགས་ནས་སླ་པོར་ངོ་ཡང་མི་ཤེས་པ་ཆགས་ཡོད་འདུག 

 དེ་ལྟར་ཉིན་གཉིས་རིང་སྨན་ཁང་དུ་བསྡད་ཀྱང་། དྲག་སྐྱེད་མ་བྱུང་བར་སྨན་ཁང་དུ་གྲོངས་ཡོད་འདུག་པ་དང་། གྲོངས་ཟིན་མ་ཐག་ཕུང་པོ་མེར་སྲེག་དགོས་པའི་བཙན་བཀའི་འོག་ཏུ་མེར་བསྲེགས་དགོས་བྱུང་འདུག་པས། ནང་མི་ཚོར་མོའི་ལུས་ལ་རྨ་ཁ་སོགས་ཡོད་མེད་ཀྱང་བལྟ་རུ་བཅུག་ཡོད་མི་འདུག

ལྷ་མོ་ནི་སྤྱིར་བཏང་གི་འབྲོག་མོ་དཀྱུས་མ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་མ་བྱས་སྔོན་ལ། རྒྱུན་དུ་བདེ་མོ་ཐང་མོ་ཡིན་པ་ལས་ནད་གཞི་རྙིང་པ་གང་ཡང་ཡོད་མི་འདུག མོའི་ཤུལ་དུ་དྭ་ཕྲུག་གསུམ་ལྷག་ཡོད་པ་ལས་ཆུང་བ་དེ་ལོ་བདུན་ཙམ་ཡིན་འདུག

བསྟན་འཛིན་ཐར་པ་༢༠༢༠ ལོའི་ཟླ་༦ པའི་ནང་གློ་བུར་དུ་ནག་ཆུ་ཁ་ནས་འཛིན་བཟུང་བྱས་པའི་རྗེས། ཡུན་རིང་ཁོང་ས་གནས་གང་དུ་ཁྱེར་མིན་དང་། འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་གང་ཡིན་སོགས་ཤེས་རྟོགས་བྱུང་ཡོད་མི་འདུག 

ཉེ་ཆར་ནང་མི་ཉེ་འབྲེལ་ཚོས་ཁྲིམས་རྩོད་པ་གླས་ནས་ཁོང་གང་དུ་ཡོད་མེད་རྩད་གཅོད་དང་ཐུག་འཕྲད་བྱ་ཐབས་སོགས་བྱས་པས། ད་ལྟ་ནག་ཆུའི་བཙོན་ཁང་ཞིག་གི་ནང་དུ་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་པ་དང་།  ཕྱི་ཕྱོགས་ལ་འབྲེལ་བ་བྱས་ཤིང་དངུལ་དམར་ཕྱི་ཕྱོགས་སུ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་གསལ་པོ་ཆགས་ཡོད་འདུག

ད་ལྟའི་ཆར་ཁོང་ལ་ཁྲིམས་ཐག་བཅད་ཡོད་མེད་དང་། ཡོད་ན་དུས་ཡུན་ཅི་ཙམ་ཡིན་མིན་སོགས་ཀྱི་གནས་ཚུལ་རྣམས་ཤེས་རྟོགས་བྱུང་མི་འདུག 

བསྟན་འཛིན་ཐར་པ་ནི་སྔོན་མ་གྲྭ་པ་ཡིན་ཞིང་གསེར་རྟ་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མྱོང་བ་དང་། སྐབས་དེར་<<འཚེ་བ་མེད་པ།>>ཞེས་པ་དང་<<རྒྱང་འཛིན་>>ཞེས་པ་ལྟ་བུའི་དེབ་ཁ་ཤས་དཔར་མྱོང་འདུག ཁོང་ ༢༠༡༢ ཙམ་ལ་ཕ་ཡུལ་དུ་ལོག་ཅིང་ཆགས་རྩེ་རུ་སློབ་གྲྭ་ཞིག་བཙུགས་ཡོད་ན་ཡང་། ཅུང་མ་སོང་བར་ཆགས་རྩེ་ཡུལ་ཚོ་མི་དམངས་སྲིད་གཞུང་གིས་སློབ་གྲྭ་དེ་ཁྲིམས་མཐུན་མིན་ཚུལ་བཤད་དེ་སྒོ་བརྒྱབ་ཡོད་འདུག དུས་དེ་ནས་བཟུང་བསྟན་འཛིན་ཐར་པ་རྒྱ་གཞུང་གི་ལྟ་རྟོག་གི་འོག་ཏུ་ཡོད་འདུག 

ཕྱི་ལོ་༢༠༡༤ ཙམ་ནས་བསྟན་འཛིན་ཐར་པས་ཚོང་ལས་གཉེར་འགོ་བརྩམས་ཏེ་དབྱར་རྩྭ་དགུན་འབུ་དང་ས་ཁང་སོགས་ཉོ་ཚོང་བྱས་པ་མ་ཟད།  ༢༠༡༥ ཙམ་ནས་<<བོད་ལྗོངས་འབྲི་རུ་ཀ་ཐོན་རྫས་ཚད་ཡོད་མཐུན་གཉེར་ཁང་>>གསར་དུ་བཙུགས་ཤིང་དེའི་སྤྱི་ཁྱབ་འགན་འཛིན་གྱི་འགན་འཁུར་མུས་སུ་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཁང་(Human Rights Watch) ནས་དེ་རིང་(ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན)བསྟན་འཛིན་ཐར་པ་དང་ལྷ་མོ་གཉིས་ཀྱི་གནས་ཚུལ་བཏོན་པ་མ་ཟད། ལྷ་མོ་ལ་འདྲི་གཅོད་འོག་“གྲོངས་པའི་རྒྱུ་རྐྱེན་ལ་རྩད་གཅོད་ཞིབ་འཇུག་དང་། ཁྲིམས་མཐུན་མིན་པའི་ཐོག་ནས་འཛིན་བཟུང་བྱས་པའི་བསྟན་འཛིན་ཐར་པ་གློད་གྲོལ་དགོས་”པའི་དགོས་འདུན་བཏོན་འདུག 

སྤྱིའི་ཆ་ན་བཤད་ན། ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་དུ་ས་གནས་གཞན་ལས་ཀྱང་ལྷག་པའི་དམ་དྲག་དང་སྟངས་འཛིན་གྱིས་ཉེས་མིང་སྣ་ཚོགས་ཀྱི་འོག་ནས་ས་གནས་བོད་མི་འཛིན་བཟུང་དང་། ས་ཁང་བཙན་འཕྲོག་དང་། བཙན་གྱིས་རྒྱ་ནག་གི་དུས་ཆེན་ཆེད་དུ་གཞས་དང་ཞབས་བྲོ་སྦྱོང་དུ་འཇུག་པ་ལ་སོགས་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་མང་པོ་ཞིག་ལག་བསྟར་བྱས་དང་བྱེད་མུས་སུ་ཡོད་འདུག་ཀྱང་། ཁ་པར་དང་དྲ་རྒྱར་བཀག་སྡོམ་ཚད་མེད་བྱས་ཏེ་ཕྱི་ནང་གི་གནས་ཚུལ་ཚུར་ལེན་ཕར་སྤྲོད་དཀའ་བས། གནས་ཚུལ་དེ་དག་ཕྱི་ཕྱོགས་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་འགྲོ་བ་ཤིན་ཏུ་དཀོན་པོ་ཆགས་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།