མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེའི་རྗེས་དྲན་པར་རིས་འགྲེམས་སྟོན།
༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་མཚན་ཞབས་དང་། ཨུ་རུ་སུའི་ནང་ཆོས་ཁྱབ་སྤེལ་བྱེད་མཁན་གྱི་བོད་དང་ཨུ་རུ་སུ་གཞུང་བར་གྱི་འབྲེལ་ལམ་གྱི་ཟམ་པ། དེ་བཞིན་དབྱིན་གཞུང་གིས་ཨུ་རུ་སུའི་གསང་མྱུལ་ལ་དོགས་པ་བྱེད་ཡུལ་མཚན་ཞབས་ངག་དབང་རྡོ་རྗེ་རྗེས་དྲན་གྱི་པར་རིས་འགྲེམས་སྟོན་དབུ་འབྱེད་བྱས་སོང་།
ཟླ་འདིའི་ཚེས་༩ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁང་གི་འགྲེམས་སྟོན་ཚན་པ་དང་ མཚན་ཞབས་ངག་དབང་རྡོ་རྗེའི་ཐེབས་རྩ་གཉིས་ཀྱིས། དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ཟླ་བ་གསུམ་རིང་གི་མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་རྗེས་དྲན་གྱི་པར་རིས་འགྲེམས་སྟོན་དབུ་འབྱེད་བྱས་ཡོད་པ་དང་། དེ་གར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གཙོས། ཨུ་རུ་སུ་ནས་ཕེབས་པའི་མཚན་ཞབས་ངག་དབང་རྡོ་རྗེའི་ཐེབས་རྩའི་ཚོགས་གཙོ་ཏར་པ་བླ་མ། དེ་བཞིན་མཚན་ཞབས་ངག་དབང་རྡོ་རྗེའི་ཚ་མོ་སོགས་ཨུ་རུ་སུ་ནས་ཕེབས་པའི་སྐུ་མགྲོན་བཞི་དང་། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་ཟླ་སྒྲོན་བཅས་ཕེབས་ཡོད་པ་རེད།
འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་འགྲེམས་སྟོན་གྱི་ངོ་སྤྲོ་དང་མཚན་ཞབས་ངག་དབང་རྡོ་རྗེའི་མི་ཚེའི་ལོ་རྒྱུས་སྐོར་གཏམ་བཤད་བྱས་སོང་།
ཨུ་རུ་སུ་ནས་ཕེབས་པའི་ མཚན་ཞབས་ངག་དབང་རྡོ་རྗེའི་ཐེབས་རྩའི་ཚོགས་གཙོ་ཏར་པ་བླ་མས། འགྲེམས་སྟོན་དེ་གོ་སྒྲིག་བྱེད་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་བ་དང་། དེ་བརྒྱུད་ནས་བོད་དང་ཨུ་རུ་སུའི་སྔར་གྱི་འབྲེལ་ལམ་ཤེས་རྟོགས་དང་མུ་མཐུད་ཡིན་རིང་གནས་ཐབས་ཡོང་བ། དེ་བཞིན་བོད་པའི་གཞོན་སྐྱེས་ཚོའི་ལོ་རྒྱུས་དེ་ཤེས་པའི་རེ་བ་ཡོད་སྐོར་གསུངས་སོང་།
སྲིད་སྐྱོང་གིས་མཚན་ཞབས་ངག་དབང་རྡོ་རྗེའི་མི་ཚེའི་ལོ་རྒྱུས་ཐོག་གསུང་བཤད་དང་སྦྲགས། ཁོང་གིས་བོད་རང་བཙན་གཙང་མའི་ཁུངས་སྐྱེལ་དཔང་རྟགས་ཡིན་པའི་
བོད་དང་སོག་པོའི་བར་གྱི་ཆིངས་ཡིག་བཞག་པ་དེ་ནི་མཛད་རྗེས་ཆེ་ཤོས་ཤིག་ཡིན་པ་སོགས་ཀྱི་སྐོར་གསུངས་རྗེས། ཁོང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་དབུ་འབྱེད་གནང་སོང་།
མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་གམ་ཨག་ཝན་རྡོ་རྗེ་གཡིབ་ནི་ཕྱི་ལོ་༡༨༥༤ ལོར་ཨུ་རུ་སུའི་ནང་འཁྲུངས་པ་དང་། ཕྱི་ལོ་༡༨༧༣ ལོར་དགུང་ལོ་༡༩ སྐབས་བོད་དུ་ཕེབས་ནས་ནང་ཆོས་ལ་བརྩོན་པ་བྱས་ནས་རྗེས་སུ་དགེ་བཤེས་ལྷ་རམས་པ་ཐོན། ཁོང་ནི་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་དང་ཐུགས་ཉེ་བ་ཞིག་ཡིན་པ་མ་ཟད། ཨུ་རུ་སུའི་རྒྱལ་ཁབ་དང་བོད་གཞུང་དབར་གྱི་གཞུང་འབྲེལ་འབྲེལ་མཐུད་པ་ཡིན་པ་རེད།
ཕྱི་ལོ་༡༩༠༩ ལོར་ཁོང་གིས་ཨུ་རུ་སུའི་སན་པི་ཊར་སི་བྷག་ནང་ནང་པའི་དགོན་པ་གསར་བཞེངས་གནང་བ་དེ་ནི་ཕྱི་གླིང་ཡུ་རོབ་ཏུ་ནང་པའི་དགོན་པ་ཐོག་མ་དེ་ཆགས་ཡོད་པ་དང་། དེ་བཞིན་ཕྱི་ལོ་༡༩༡༣ ལོར་བོད་དང་སོག་པོ་གཉིས་བར་ཕན་ཚུན་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་ངོས་འཛིན་གྱི་ཆིངས་ཡིག་ཐོག ཁོང་དང་བོད་པའི་སྐུ་ཚབ་གཉིས་ཀྱིས་བོད་ཕྱོགས་ཀྱི་མཚན་རྟགས་བཀོད་ཡོད་པ་རེད།
ཨུ་རུ་སུའི་ཆབ་སྲིད་ལམ་ལུགས་དེ་དམར་ཤོག་རིང་ལུགས་ཆགས་རྗེས། གཞུང་གིས་མཚན་ཞབས་ངག་དབང་རྡོ་རྗེར་གསར་བརྗེར་ངོ་ལོག་པ་དང་། སོག་པོའི་རིང་ལུགས་རྒྱ་སྐྱེད། དེ་བཞིན་འཇིགས་སྐུལ་དྲག་སྤྱོད་པ་སོགས་ཡིན་པའི་ཉེས་འཛུགས་འོག ཕྱི་ལོ་༡༩༣༧ ལོར་འཛིན་བཟུང་བྱས་ཏེ། ཕྱི་ལོ་༡༩༣༨ ལོར་བཙོན་ཁང་གི་སྨན་ཁང་དུ་སྐུ་གྲོངས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།