མཚོ་སྔོན་པོའི་འགྲམ་གྱི་བོད་མི་ཚོང་གཉེར་བ་བཀག་འགོག

tibet_2016_6_23
༢༠༡༦།༦།༢༣

རྒྱ་ནག་གི་ཉེན་རྟོག་པས་བོད་མདོ་སྨད་མཚོ་སྔོན་པོའི་མཐའ་སྐོར་གྱི་མི་མང་གི་ཚོང་ལས་བཀག་འགོག་བྱས་པ་མ་ཟད། མང་ཚོགས་ལ་ཉེས་རྡུང་བཏང་བ་དང་མི་ལྔ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག
ཟླ་འདིའི་ཚེས་༢༤ ཉིན་ཨེ་རླུང་གི་བོད་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༦ པའི་ཚེས་༢༣ ཉིན་རྒྱ་ནག་གི་ཉེན་རྟོག་མི་སྣས་མཚོ་སྔོན་པོའི་ཉེ་འཁོར་དུ་ཚོང་གཉེར་བྱེད་མཁན་བོད་མི་མང་ཚོགས་ཀྱི་གུར་སོགས་གཏོར་བཤིག་བཏང་བའི་རྗེས། ཕྱི་ཚེས་༢༤ ཉིན་ཉེན་རྟོག་པ་འཕོན་ཆེ་བསྐྱར་དུ་ས་གནས་སུ་ཡོང་བོད་མི་ལྔ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག
གནས་ཚུལ་སྤེལ་བ་ལྟར་ན། བོད་མི་དེ་དག་འཛིན་བཟུང་བྱ་དགོས་པའི་ནག་ཉེས་གང་ཡང་བསག་མེད་པ་དང་། ཁོང་ཚོ་འཛིན་བཟུང་བྱེད་པའི་སྐབས་ཉེན་རྟོག་པར་འཛིན་བཟུང་བྱ་ཆོག་པའི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་འཁྱེར་རྒྱུ་མེད་འདུག

ཕྱི་ཚེས་༢༣ ཉིན་ཉེན་རྟོག་པ་དང་བོད་མིའི་དབར་གདོང་ཐུག་བྱུང་བའི་སྐབས་བོད་མི་ཚོས་རེ་འབོད་སྐད་འབོད་བྱས་ཡོད་པ་དང་། ཁོང་ཚོ་འཇུ་བཟུང་དགོས་དོན་ཉིན་དེར་འདྲ་དཔར་ལེན་མཁན་ཡིན་པར་དོགས་གཞི་བྱས་ཡོད་པར་མི་མང་གིས་ཚོད་དཔག་བྱེད་བཞིན་པ་དང་། བོད་མི་དེ་ཚོ་འཇུ་བཟུང་རྗེས་རྟ་ནག་མ་ཡུལ་ཚོར་ཁྲིད་ཡོད་འདུག །

གསར་འགོད་ཆོས་ཉིད་འོད་ཟེར།