མི་གསོད་རུ་ཁག་ཅིག་གིས་ཧཱེ་ཀྲི་རྒྱལ་ཁབ་ཀྱི་སྲིད་འཛིན་དམར་གསོད་བཏང་འདུག

 ཕྱི་ནས་ཡོང་བའི་མི་གསོད་རུ་ཁག་ཅིག་གིས་གླིང་ཕྲན་གྱི་རྒྱལ་ཁབ་ཧཱེ་ཀྲི་(Haiti) ཡི་སྲིད་འཛིན་དམར་གསོད་བཏང་རྗེས། འགོ་ཁྲིད་ཀྱི་ལས་གནས་སྟོང་པར་ལྷག་ནས་རྒྱལ་ཁབ་དེའི་ནང་བརྟན་ལྷིངས་མེད་པ་ཆགས་ཡོད་ཁར། དམར་གསོད་ཀྱི་རྒྱབ་ཏུ་སུའི་ལག་པ་ཡོད་པ་ཡང་གནད་དོན་ཆེན་པོ་ཆགས་ཡོད་འདུག་པ་དང་། རྒྱལ་སྤྱིའི་འགོ་ཁྲིད་ཚོས་ཐུགས་གསོའི་གསུང་འཕྲིན་གནང་བཞིན་འདུག 

ཟླ་༧ པའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༧ ཉིན་གྱི་ཞོགས་པ་སྔ་པོར་ཧཱེ་ཀྲེ་རྒྱལ་ཁབ་ཀྱི་སྲིད་འཛིན་མཱའོ་སཱི་སྡོད་གནས་སུ། མི་གྲངས་༢༨ ལས་གྲུབ་པའི་མི་གསོད་རུ་ཁག་ཅིག་སླེབས་ནས། སྲིད་འཛིན་ཁོང་དམར་གསོད་བཏང་བ་དང་ཁོང་གི་བཟའ་ཟླ་ལ་ཡང་མེ་མདའ་བརྒྱབ་ནས་རྨས་སྐྱོན་བཟོས་འདུག གནད་དོན་དེ་ལྷག་རྗེས་རྒྱལ་ཁབ་དེའི་ཉེན་རྟོག་པས་མི་གསོད་བྱ་མཁན་དེ་དག་འཚོལ་ཞིབ་བྱས་ཏེ། མི་གྲངས་༣ དམག་འཐབ་ཁྲོད་བསད་འདུག་པ་དང་། མི་གྲངས་༡༧ འཛིན་བཟུང་བྱེད་ཐུབ་ཡོད་ཁར་མི་གྲངས་༨ ད་ལྟའི་ཆར་འཛིན་བཟུང་ཐུབ་མེད་པས། འཚོལ་ཞིབ་བྱེད་བཞིན་འདུག 

ཉེན་རྟོག་པས་བརྗོད་དོན་ལྟར་ན། མི་གསོད་རུ་ཁག་དེའི་ཁྲོད་མི་གྲངས་༢༦ ཞིག་ནི་ཁཱོ་ལོམ་བྷི་ཡ་(Colombia) རྒྱལ་ཁབ་ཀྱི་མི་སེར་ཡིན་པ་དང་། དེའི་ཁྲོད་མི་གྲངས་༦ ནི་ཁཱོ་ལོམ་བྷི་ཡའི་དམག་མི་ཟུར་པ་ཡིན་སྐོར་བརྗོད་འདུག དེ་བཞིན་མི་གྲངས་༢ ནི་ཧཱེ་ཀྲི་མི་རིགས་ཡིན་ཡང་ཨ་རིའི་མི་སེར་ཡིན་འདུག

ཧཱེ་ཀྲིའི་སྲིད་འཛིན་དམར་གསོད་བཏང་ཟིན་པས། རྩ་ཁྲིམས་ལྟར་ན་རྒྱལ་ཁབ་དེའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ཆེ་བས་སྲིད་འཛིན་གྱི་ལས་ཁུར་བྱེད་དགོས་ཀྱི་ཡོད་འདུག་ཀྱང་། ཁྲིམས་དཔོན་ཆེ་བ་དེ་ཉེ་ཆར་ཏོག་དབྱིབས་ནད་དུག་རྐྱེན་པས་གྲོངས་ཡོད་འདུག དེ་བཞིན་ཚེས་༥ ཉིན་སྲིད་བློན་གྱི་ལས་གནས་སུ་མི་སྣ་གསར་པ་ཞིག་བསྐོ་གཞག་བྱས་འདུག་ཀྱང་། མི་སྣ་དེའི་དམ་འབུལ་བྱེད་རྒྱུ་ཡིན་འདུག་པས། ད་ལྟའི་ཆར་སྲིད་བློན་རྙིང་པ་དེའི་བར་བརྒལ་སྲིད་བློན་མུ་མཐུད་བྱེད་རྒྱུ་ཡིན་པ་དང་། འོས་བསྡུ་གྲུབ་རྗེས་དགོངས་པ་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག 

ཨ་རིར་ཡོད་པའི་ཧཱེ་ཀྲིའི་སྐུ་ཚབ་ཀྱིས་ཨ་རིའི་གཞུང་ལ་གནད་དོན་དེའི་ཐོག་རྟོག་ཞིབ་ཀྱི་རོགས་རམ་དང་། བདེ་སྲུང་གི་མཐུན་སྦྱོར་ཡོང་བའི་རེ་སྐུལ་བྱས་ཡོད་སྐོར་བརྗོད་འདུག 

ད་ལྟའི་ཆར་སྲིད་འཛིན་དམར་གསོད་གཏོང་མཁན་གྱི་རྒྱབ་ཏུ་སུའི་ལག་པ་ཡོད་པ་ཤེས་རྟོགས་ཐུབ་མེད་ཀྱང་། བར་བརྒལ་སྲིད་བློན་གྱིས་བརྒྱུད་ལམ་ཁག་ཏུ་སྲིད་འཛིན་ཁོང་གིས་རྒྱལ་ཁབ་དེའི་ནང་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཕྱུག་བདག་རྣམས་ལ་ཁ་གཏད་བཅག་རྐྱེན་དམར་གསོད་བཏང་བ་ཡིན་སྲིད་སྐོར་བརྗོད་འདུག སྲིད་འཛིན་ཁོང་དམར་གསོད་མ་བཏང་བའི་སྔོན་ནས་རྒྱལ་ཁབ་དེའི་ནང་སྲིད་དོན་གྱི་རྙོག་གྲ་ཆེན་པོ་འགྲོ་བཞིན་ཡོད་འདུག དེ་ཡང་གྲོས་ཚོགས་ཀྱི་འོས་བསྡུ་དེ་ཕྱི་ལོ་༢༠༡༩ ལོའི་ཟླ་༡༠ པའི་ནང་གོ་སྒྲིག་བྱེད་དགོས་ཀྱི་ཡོད་ཀྱང་། རྩོད་རྙོག་གི་རྐྱེན་པས་དེ་ལྟར་བྱེད་ཐུབ་མེད་པས། སྲིད་འཛིན་ཁོང་རྩ་དགོངས་ཞུ་དགོས་པའི་དགོས་འདུན་ཐོག་ངོ་རྒོལ་ལས་འགུལ་སྤེལ་མཁན་ཡང་མང་པོ་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།