མོན་གྷོ་ས་འཐུས་ཚོགས་འདུ།

ཟླ་འདིའི་ཚེས་༢༦ ནས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་མི་སྐབས་དགུ་པའི་གྲོས་ཚོགས་ཚོགས་དུས་ཐེངས་གཉིས་པ་མོན་གྷོ་ས་འཐུས་ཚོགས་ཁང་གསར་བའི་ནང་འཚོགས་ཡོད་པ་རེད།

12767ཉིན་དང་པོའི་ས་གནས་འཐུས་མིའི་ཚོགས་གཙོ་བསོད་ནམས་རྡོ་རྗེ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གནང་དོན། ༧སྤྱིར་ནོར་༧གོང་ས་སྐྱབས་མགོན་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་མི་རྣམས་ལ། རང་དབང་ལུང་པར་སོ་སོའི་རང་སྣང་གང་དྲན་བྱས་ནས་སྡོད་དབང་ཡོད་པ་རེད་ལ། གནས་སྟངས་དེ་སྐྱིད་པོ་ཞེ་དྲག་རེད།  ཡིན་ན་ཡང་བོད་ནང་གི་གཞིས་བཞུགས་བོད་མི་རྣམས་ལ་རང་དབང་གཏན་ནས་མེད་པར་རྒྱ་དམར་གྱི་བཙན་དབང་གི་འོག་ལ་མནར་གཅོད་དྲག་པོ་མྱངས་དང་མྱོང་བཞིན་པའི་གནས་སྟངས་ཇེ་ཞན་ཇེ་སྡུག་འགྲོ་བཞིན་ཡོད་པ་ང་རང་ཚོ་ཚང་མའི་མཁྱེན་གསལ་རེད། བོད་ནང་གི་བོད་མི་ཚོའི་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་གཅིག་རྗེས་གཉིས་མཐུད་ནས་སྐུ་ལུས་མེ་མཆོད་བྱེད་ཀྱི་ཡོད་རེད།  ཁོང་རྣམས་ཀྱི་ཞིམ་པ་མེད་པར་རང་གི་གཅེས་པའི་ལུས་སྲོག་བློས་བཏང་ནས་ལས་འགུལ་སྣ་མང་སྤེལ་དང་སྤེལ་བཞིན་པའི་སྙིང་སྟོབས་དང་གཟི་བརྗིད་ལྡན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་དེ་བརྗེད་ཐབས་མེད་པ་ཞིག་རེད། ཁོང་ཚོའི་བཀའ་དྲིན་རྗེས་སུ་དྲན་བཞིན་པའི་ཐོག་ནས་ང་རང་ཚོ་རང་ངོས་ནས་ནུས་པ་གང་ཡོད་ཀྱི་སྒོ་ནས།  བོད་བསྟན་པ་ཆབ་སྲིད་ཆེད་དུ་ལྷག་བསམ་རྣམ་པར་དག་པའི་ཐོག་ནས་ཆོད་སེམས་བརྟན་པོ་དང་གཉན་འཕྲེང་ཅན་གྱི་དུས་ཚོད་འདིར། ང་རང་ཚོའི་ཐོག་ཏུ་བབ་པའི་ལས་འགན་དེ་བོད་གཞིས་བྱེས་གཉིས་ཀྱི་མི་མང་གི་དཀའ་སྡུག་སེལ་ཐུབ་ཐབས་ལ་འབད་བརྩོན་བྱེད་རྒྱུ་དེ་ང་ཚོའི་ལས་འགན་ཉག་གཅིག་ཆགས་ཡོད་པ་རེད་ལ། ལྷག་པར་དུ་སྐུ་ལུས་མེར་སྲེག་གནང་མཁན་ཚོའི་དམིགས་འདུན་མ་རྗེད་པ་གནང་རྒྱུ་དང་ང་རང་ཚོ་ཚང་མ་ལུང་པ་མེད་པའི་སྐྱབས་བཅོལ་བ་ཡིན་པ་དུས་ནམ་ཡང་དྲན་པ་བརྗེད་རྒྱུ་ཡོད་པ་མ་རེད། ང་ཚོ་བཟའ་རྒྱུ་བཏུང་རྒྱུ་མ་རག་ནས་སྐྱབས་བཅོལ་དུ་ཡོང་བ་གཏན་ནས་མིན་ལ། ཡུལ་ལུང་དགྲ་ལག་ཏུ་ཤོར་ནས་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པ་ངོ་ཤེས་དགོས་པ་རེད། དེ་ཡང་དེང་སྐབས་བཟའ་རྒྱུ་བཏུང་རྒྱུ་རག་པ་ཙམ་གྱིས་འདོད་པ་ཁེངས་ནས་མི་སྡོད་པར་རང་རང་སོ་སོའི་ནུས་འཇོན་གྱི་བབ་དང་བསྟུན་ནས་བོད་བསྟན་སྲིད་སླར་གསོའི་ཆེད་དུ་སྲི་ཞུ་གང་ཐུབ་སྒྲུབ་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།

མུ་མཐུད་ནས་གསུང་དོན། ང་ཚོའི་ངོས་ནས་ཡིན་ན་ཡང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་སོགས་ལ་སྨན་སླད་དུ་གྲོས་ཆོད་གྲོས་འཆར་དང་ཐུགས་སྣང་གཞེན་སྐུལ་སོགས་རེ་རེ་བཞིན་ཕེབས་ཡོང་སྐབས་ཕན་ཚུན་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་པོར་གསུངས་རྒྱུ་མ་ཟད།   དྲི་བ་འདྲི་མཁན་དང་དྲིས་ལན་འདེབས་མཁན་གཉིས་ཀྱི་ངོས་ནས་ཀྱང་འཕྲལ་སེལ་ཙམ་མ་ཡིན་པར་འགན་ཁུལ་ཡོད་པའི་སྒོ་ནས་ལན་འདེབས་དང་དོགས་སེལ་ཞིབ་ཚགས་གནང་དགོས་པ་ང་རང་ཚོ་ཚང་མའི་ཕྲག་ཏུ་བབ་པའི་འགན་ཁུར་ཉག་གཅིག་རེད་ལ།      ས་འཐུས་ཚོགས་འདུ་འདི་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་གནད་འགག་ཆེས་ཤོས་ཞིག་ཆགས་བསྡད་ཡོད་པས། ཁ་ཡོད་ལག་ཡོད་དང་ནུས་པ་ཐོན་པ་ཞིག་ཡོང་རྒྱུའི་ཐོག་ལ་ང་རང་ཚོ་ས་འཐུས་ཚང་མ་དང་། དེ་ག་ནང་གཞིན་ས་གནས་འགོ་འཛིན་བཅས་ཀྱི་བགྲོ་གླེང་གནང་ཕྱོགས་སོགས་ཀྱི་ཐད་འཕྱར་གྲུ་མཉམ་འདེགས་གནང་རྒྱུ་དེ་གལ་ཆེན་པོ་གཅིག་དང་ང་ཚོའི་བཀའ་མོར་གང་གནང་བ་དེ་སྟོང་བཤད་ཙམ་མ་ཡིན་པར་ནུས་པ་ཐོན་པ་ཞིག་ཡོང་རྒྱུར་འབད་རྩོན་གནང་རོགས་ཅེས་གསུངས་སོང་།

དེ་ཡང་སྐབས་དགུ་པའི་ས་གནས་འཐུས་ཚོགས་ཚོགས་དུས་གཉིས་པའི་ཉིན་གསུམ་གྱི་ལས་རིམ་ནང་ལ་སྐར་རྟགས་ཅན་གྱི་དྲི་བ་རྣམ་གྲངས་ ༡༦  དང་དེ་ལས་འཕྲོས་པའི་འཕྲོས་དོན་དྲི་བ། ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་གྲངས་ ༢༤ དང་གཞུང་འབྲེལ་མྱ་ངན་རྗེས་དྲན་གྲོས་ཆོད་གྲོས་འཆར་གྲངས་༣ གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྲངས་ ༡  བཅས་བྱུང་ཡོད་པ་རེད། ཉིན་གསུམ་པའི་ཚོགས་དུས་མཐའ་མར་ས་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གཏམ་བཤད་གནང་དོན།

མོན་གྷོ་ས་གནས་འཐུས་མིའི་ཚོགས་འདུ་སྐབས་དགུ་པའི་ཚོགས་དུས་དང་པོ་དེ་ཁྲིམས་དང་སྒྲིག་གཞི་མཐུན་པའི་སྒོ་ནས་གྲོས་ཚོགས་འཐུས་མི་ཚོའི་ཆ་ཤས་ལེན་སྟངས་དང་ས་གནས་འགོ་འཛིན་མཆོག་གིས་ལན་གནང་ཕྱོགས་བཅས་ཧ་ཅང་ཡག་པོ་བྱུང་སོང་དྲན་གྱི་ཡོད། ས་གནས་འགོ་འཛིན་གྱི་ངོ་ནས་ལས་དོན་ཐོག་ལ་འགན་ཁུར་ཡོད་པའི་ལན་འདེབས་གནང་སོང་། ཡིན་ནའང་གང་བཞག་པའི་གྲོས་ཆོད་གྲོས་འཆར་དེ་དག་ཡིག་སྣོད་ནང་བཞག་བསྡད་པ་ཡིན་ན་ཕན་ཐོགས་གང་ཡང་མེད་པས།  འབྱུང་འགྱུར་ཟླ་བ་དྲུག་གི་ནང་ལོགས་སུ་མི་མང་གིས་བཏོན་པའི་བསམ་ཤོག་དེ་ཚོར་སྣང་མེད་དུ་མི་འཇོག་པར་རིམ་པས་ལག་ལེན་དོན་འཁྱོལ་ཡོང་བར་འབད་བརྩོན་གནང་གལ་ཆེ་བ་དང་།  དེ་བཞིན་དེ་རིང་གི་ཚོགས་འདུ་འདིའི་ནང་གྲོས་ཆོད་གྲོས་འཆར་ཁག་ལག་ལེན་ཐེབ་མིན་ལ་མ་ལྟོས་པར་གང་ཐུབ་ཅི་ནུས་ཀྱི་ཕྱག་ལས་གནང་དགོས་པ་ཞིག་རེད་ལ།  དེ་ལྟར་ངེས་པར་དུ་ཕྱག་ལས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་དང་།

གཞན་ཡང་དེ་རིང་གི་ལས་རིམ་ཡོངས་སུ་རྫོགས་པ་ག་ལ་གང་མཚམས་ཡག་པོ་བྱུང་སོང་དྲན་གྱི་ཡོད། དེ་ནི་རྣམ་པ་ཚོ་ཆ་ཤེས་ལེན་མཁན་འཐུས་མི་ཚོ་རེད། དེ་ག་ནང་བཞིན་ས་གནས་འགོ་འཛིན་གྱི་ལན་འདེབས་གནང་ཕྱོགས་དང་ལྷག་པར་ལོ་འཁོར་སྔོན་རྩིས་ཚོད་དཔག་ཚོགས་ཆུང་དང་ལས་རིམ་ཚོགས་ཆུང་བཅས་ཀྱི་ངོས་ནས་ཐུགས་སྣང་ཆེན་པོའི་སྒོ་ནས་ཕྱག་ལས་གནང་ཕྱོགས་སོགས་ཕྱོགས་ཡོངས་ཀྱི་གང་མཚམས་བློ་ཁ་ཚིམས་པ་འདྲ་བྱུང་སོང་། ཚང་མ་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཅེས་སོགས་གསུངས་སོང་།

མོན་གྷོ་འདོད་རྒུ་གླིང་ས་འཐུས་སྐབས་དགུ་པའི་ཚོགས་དུས་གཉིས་པ་དེ་བཞིན་རྒྱལ་ཁའི་ངང་མཇུག་དྲིལ་ཡོད་པ་རེད།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།