ཚན་རིག་པ་གྲགས་ཅན་སཱི་ཊེ་ཧྥེན་ཧའོ་ཀིང་གྲོངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༤ ཉིན་འཛམ་གླིང་གི་དངོས་ཁམས་ཚན་རིག་པ་གྲགས་ཅན་སཱི་ཊེ་ཧྥེན་ཧའོ་ཀིང་དབྱིན་ཡུལ་ཀེམ་བྷེ་རི་ཇེ་གྲོང་ཁྱེར་ནས་རང་ཁྱིམ་དུ་དགུང་ལོ་༧༦ ཐོག་གྲོངས་ཡོད་པ་རེད།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༤ ཉིན་འཛམ་གླིང་གི་དངོས་ཁམས་ཚན་རིག་པ་གྲགས་ཅན་སཱི་ཊེ་ཧྥེན་ཧའོ་ཀིང་(Stephen Hawking) དགུང་ལོ་༧༦ ཐོག་དབྱིན་ཡུལ་གྲོང་ཁྱེར་ཀེམ་བྷེ་རི་ཇེ་(Cambridge)དུ་ཡོད་པའི་རང་ཁྱིམ་ནས་གྲོངས་ཡོད་པ་དང་། ཁོང་ནི་ཨཱ་དབྱིན་སི་ཐན་གྱི་རྗེས་སུ་བྱུང་བའི་ཚན་རིག་པའི་ཁྲོད་ནས་ཆེས་ཁྱད་དུ་འཕགས་པའི་དངོས་ཁམས་སྨྲ་བའི་རིག་པའི་གཞུང་ལུགས་ཀྱི་(theoretical physicis) ཚན་རིག་པ་ཞིག་ཏུ་གྲགས་ཤིང་། ཁོང་གི་ལུས་པོ་ཞ་འཁུམས་སུ་གྱུར་སྟབས་རྩིས་འཁོར་ལ་མ་བརྟེན་ཚེ་གཏམ་སྨྲ་མི་ནུས་པ་དང་། ལུས་ཀྱི་ཆ་ཤས་ཐམས་ཅད་ཀྱི་ནང་ནས་མིག་གཉིས་ཀ་དང་མཛུབ་མོ་གསུམ་མ་གཏོགས་གཞན་དག་འགུལ་སྐྱོད་མི་ནུས་པར་གྱུར་ཡོད་ཀྱང་། ཞ་འཁུམ་དང་ངག་ལྐུགས་ཀྱི་མི་ཚེའི་ཁྲོད་ནས་ཁོང་གིས་བུ་ག་ནག་པོ་(Black hole) དང་། ལྟོས་གྲུབ་ཀྱི་རྣམ་བཞག(Relativity) སོགས་དངོས་ཁམས་ཚན་རིག་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་ཡོད་ཁར། དུས་ཚོད་ཀྱི་བྱུང་རིམ་(History of Time) དང་ཆོས་ཐམས་ཅད་ཀྱི་རྣམ་གཞག་(Theory of everything) ལྟ་བུའི་དངོས་ཁམས་ཚན་རིག་གི་དཔེ་དེབ་གྲགས་ཅན་ཁག་ཅིག་བརྩམས་ཡོད་པ་རེད།

ཁོང་དགུང་ལོ་༢༢ ལ་སོན་སྐབས་(motor neurone disease) ཞེས་པའི་ན་ཚ་ཕོག་ཡོད་པ་ཤེས་རྟོགས་བྱུང་ནས་སྨན་པས་ལོ་ཤས་ལས་གསོན་མི་ཐུབ་སྐོར་བརྗོད་ཡོད་འདུག་ཀྱང་། ད་བར་གསོན་པོར་གནས་ཐུབ་ཡོད་པ་མ་ཟད། མིག་གཉིས་དང་མཛུབ་མོ་གསུམ་ལ་འཕྲུལ་ཆས་གྲོགས་སུ་སྦྲན་ནས་དངོས་ཁམས་ཚན་རིག་གི་ཐོག་མཛད་རྗེས་གྱ་ནོམ་པ་བཞག་ཡོད་འདུག

ཕྱི་ལོ་༢༠༡༣ ལོར་བྲིས་པའི་ཁོང་གི་མཛད་རྣམ་ནང་དུ། ཐོག་མར་ཁོང་ལ་ན་ཚ་ཕོག་སྐབས་སེམས་ཚོར་ག་རེ་བྱུང་མིན་སྐོར་བྲིས་པའི་ནང་“ངས་འདི་ནི་ཧ་ཅང་གིས་དྲང་པོ་མ་ཡིན་པ་ཞིག་ཏུ་ཚོར། རྒྱུ་མཚན་ཅིའི་ཕྱིར་ང་ལ་འདི་ལྟ་བུ་བྱུང་དགོས་སམ་”ཞེས་དང་། “སྐབས་དེ་དུས་ངའི་མི་ཚེ་ཚར་སོང་དྲན་བྱུང་།” ཞེས་དང་། དེ་བཞིན་ཁོང་གིས་“ཡིན་ན་ཡང་ལོ་ངོ་༥༠ ཡི་རྗེས་ཀྱི་ད་ལྟ་ང་རང་གི་མི་ཚེར་ང་རང་འདོད་པ་ཁེངས་ཀྱི་འདུག”ཅེས་བྲིས་ཡོད་འདུག

སཱི་ཊེ་ཧྥེན་ཧའོ་ཀིང་ནི་ཕྱི་ལོ་༡༩༤༢ ལོར་དབྱིན་ཡུལ་ཨོཀ་སི་ཧྥོར་ཌི་རུ་སྐྱེས་ཤིང་། ཕྱི་ལོ་༡༩༥༩ ལོར་ཨོཀ་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་ནང་འཛུལ་ནས་རང་བྱུང་ཚན་རིག་གི་ཐོག་སློབ་སྦྱོང་བྱས་རྗེས། ཀེམ་བྷེ་རི་ཇེ་གཙུག་ལག་སློབ་ཆེན་ནས་འབུམ་རམས་པའི་སློབ་སྦྱོང་བྱས། ཕྱི་ལོ་༡༩༦༣ ལོར་(motor neurone disease) ཞེས་པའི་ན་ཚ་ཕོགས་ནས་ལོ་གཉིས་ལས་གསོན་མི་ཐུབ་པའི་དུས་ཆད་བྱུང་། ཕྱི་ལོ་༡༩༧༤ ལོར་བུ་ག་ནག་པོས་འོད་ཟེར་ཁྱབ་འབྱེད་བྱེད་ཀྱི་ཡོད་པའི་རྣམ་གཞག་ཅིག་གསར་དུ་བརྩམས་ནས། དེར་ཧའོ་ཀིང་འོད་ཟེར་ཁྱབ་འབྱེད་(Hawking radiation) ཅེས་པའི་མིང་བཏགས། ཕྱི་ལོ་༡༩༨༨ ལོར་ཁོང་གི་བརྩམས་ཆོས་གྲགས་ཅན་དུས་ཚོད་ཀྱི་བྱུང་བ་ཞེས་པ་དེ་པར་སྐྲུན་བྱས་ནས་དེབ་ས་ཡ་གཉིས་ལྷག་ཚོང་འགྲེམས་བྱས་ཡོད་འདུག་ཅིང་། ཁོང་གྲོངས་པའི་སྐབས་འདིར་ཚན་རིགས་པ་གྲགས་ཅན་སོགས་ཀྱིས་མྱ་ངན་གུས་འདུད་དང་། ཁོང་གི་རླབས་ཆེན་གྱི་བསམ་བློ་དང་། རྣམ་དཔྱོད་ལ་ཡི་རངས་བསྔགས་བརྗོད་ཞུས་དང་ཞུ་མུས་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།