ཚབས་ཆེའི་མི་གསོད་དོན་རྐྱེན་དང་འབྲེལ་ཉེན་རྟོག་པ་དགུ་ལ་སྲོག་ཁྲིམས་བཅད་འདུག
ཕྱི་ལོ་༢༠༢༠ ལོར་ཏོག་དབྱིབས་ནད་དུག་ཁྱབ་ནས་ཁྱིམ་སྡོད་བཀའ་རྒྱ་བསྡམས་རྗེས། ཏ་མིལ་ན་རྡུ་མངའ་སྡེའི་ནང་ཕ་བུ་གཉིས་ཀྱིས་ཁྱིམ་སྡོད་བཀའ་རྒྱ་ལ་བརྩི་སྲུང་མ་བྱས་པར་ཁ་པར་ཚོང་ཁང་ཞིག་སྒོ་ཕྱེས་པའི་རྐྱེན་གྱིས། ཉེན་རྟོག་པ་འགའ་ཤས་ཡོང་ནས་ཕ་བུ་གཉིས་འཛིན་བཟུང་བྱས་ཏེ་ཉེན་རྟོག་ཁང་དུ་རྡུང་རྡེག་ཚད་མེད་བྱས་ཡོད་པ་དང་ཉིན་ཤས་རྗེས་ཁོང་གཉིས་ཀ་སྲོག་ཤོར་ཡོད་འདུག དོན་རྐྱེན་དེ་ནི་རྒྱ་གར་གྱི་ལོ་རྒྱུས་ཁྲོད་དོན་རྐྱེན་ཚབས་ཆེ་ཤོས་ཤིག་ཡིན་པར་བརྗོད་ནས། བདུན་འདིའི་གཟའ་ཟླ་བའི་ཉིན་ཉེན་རྟོག་པ་དགུ་ལ་སྲོག་ཁྲིམས་ཉེས་ཆད་ཕོག་འདུག

ཕྱི་ལོ་༢༠༢༦ ཟླ་༤ ཚེས་༧ ཉིན་རྒྱ་གར་དུས་བབ་གསར་ཁང་དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ལོ་ངོ་དྲུག་གི་གོང་ཕྱི་ལོ་༢༠༢༠ ཟླ་བ་༦ ཚེས་༡༩ ཉིན་ཏོག་དབྱིབས་ནད་དུག་ཁྱབ་བཞིན་པའི་སྐབས་དེར། རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཏ་མིལ་ན་རྡུ་(Tamil Nadu)ནང་ཕ་(P Jeyaraj)ཞེས་པ་ཞིག་དང་ཁོང་གི་བུ་(J Beniks)ཞེས་པ་གཉིས་ཀྱིས་ཁ་པར་ཚོང་ཁང་ཞིག་སྒོ་ཕྱེས་ཏེ་གཞུང་གི་ཁྱིམ་སྡོད་བཀའ་རྒྱ་བརྩི་སྲུང་མ་བྱས་པར་བརྟེན། ས་གནས་ཀྱི་ཉེན་རྟོག་པ་ཡོང་ནས་ཕ་བུ་གཉིས་འཛིན་བཟུང་བྱས་རྗེས་ཉེན་རྟོག་ལས་ཁུངས་སུ་ཁྲིད་ཡོད་འདུག སྐབས་དེར་ཉེན་རྟོག་པ་རུ་ཁག་ཅིག་གིས་ཕ་བུ་གཉིས་ལ་དུས་ཡུན་ཆུ་ཚོད་མང་པོའི་རིང་མི་སྤྱོད་ལས་འདས་པའི་རྡུང་རྡེག་ཚད་མེད་བྱས་ཡོད་འདུག
ཕྱི་ཉིན་ཚེས་༢༠ ཉིན་བསྐྱར་དུ་འདྲི་རྩད་དང་རྡུང་རྡེག་བྱས་པར་བརྟེན། ཚེས་༢༢ ཉིན་ཕ་བུ་གཉིས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ནས་གཞུང་གི་སྨན་ཁང་དུ་བསྐྱལ་ཡོད་འདུག་ཀྱང་། ཚེས་༢༣ ཉིན་ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་ཡོད་འདུག གཞུང་གི་ཉེན་རྟོག་པས་མི་བསད་པའི་གནས་ཚུལ་དེ་ཏ་མིལ་ན་རྡུ་(Tamil Nadu)མངའ་སྡེ་ཁྱོན་ཡོངས་ལ་ཁྱབ་པ་དང་། རྒྱལ་སྤྱིའི་ཐོག་ཏུ་ཡང་གནས་ཚུལ་ཁྱབ་ནས་རྒྱ་གར་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་འདུག
དེ་རྗེས་མངའ་སྡེ་ཆེས་མཐོའི་ཁྲིམས་ཁང་ལ་ལོ་དེ་རང་གི་ཕྱི་ཟླ་༨ ཚེས་༡༠ ཉིན་ཁྲིམས་གཏུག་བྱས་ཡོད་འདུག་ཅིང་། མངའ་སྡེ་ཆེས་མཐོའི་ཁྲིམས་ཁང་གིས་གྱོད་གཞི་དེ་ཧ་ཅང་ཉེན་ཚབས་ཆེ་བ་ཞིག་ཏུ་མཐོང་ནས། དབུས་ཞིབ་བཤེར་ལས་ཁུངས་(CBI)ལ་སྤྲད་དེ་ཞིབ་བཤེར་བྱེད་འགོ་བཙུགས་ཡོད་འདུག འདས་པའི་མི་ལོ་དྲུག་རིང་ཞིབ་བཤེར་ནན་ཏན་བྱས་རྗེས། འདི་ལོ་ཕྱི་ཟླ་༣ ཚེས་༢༣ ཉིན་ཉེན་རྟོག་པ་དགུ་པོས་ནག་ཉེས་ཚབས་ཆེན་བསགས་ཡོད་པའི་ཐག་གཅོད་བྱུང་རྗེས། ཟླ་བ་འདིའི་ཚེས་༦ ཉིན་སྲོག་ཁྲིམས་གཅོད་རྒྱུའི་ཉེས་ཆད་ཕྱིར་བསྒྲགས་བྱས་འདུག ད་དུང་ཉེན་རྟོག་པ་དགུ་པོས་ཕ་བུ་གཉིས་ཀྱི་ཁྱིམ་ཚང་ལ་རྒྱ་གར་སྒོར་མོ་བྱེ་བ་ (Crore) གཅིག་སྤྲོད་དགོས་པའི་ཉེས་ཆད་ཕོག་འདུག
འདས་གྲོངས་སུ་གྱུར་པའི་ཕ་དེའི་བུ་མོ་ཇེ་པིར་སི་(J Persis) ཡིས་བརྗོད་དོན། དེ་རིང་ཁོང་ལ་རྒྱལ་ཁ་ཐོབ་པ་དེ་ནི་ཁོང་ཚོའི་ཁྱིམ་ཚང་གཅིག་པུར་ཐོབ་པ་མ་ཡིན་པར། རྒྱ་གར་གྱི་མི་མང་སུ་ཞིག་དཔོན་ངན་ཚོའི་ལག་འོག་ནས་རྒྱལ་ཁ་ཐོབ་པ་ཞིག་ཡིན་པས། མ་འོངས་པར་རྒྱ་གར་གྱི་མི་མང་གཅིག་ཀྱང་ང་ཚོའི་ཁྱིམ་མི་ལྟར་དཔོན་ངན་ཚོའི་དབང་ཆ་ལོག་སྤྱོད་འོག་དཀའ་སྡུག་མྱོང་མི་དགོས་པའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་བརྗོད་འདུག སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་པའི་གནས་ཚུལ་ཕྱིར་བསྒྲགས་རྗེས་མི་མང་སྟོང་ཕྲག་མང་པོས་བདེན་པའི་རྒྱབ་ལངས་ཞུ་ཆེད་དགའ་བསུ་ཞུས་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
