ཚོགས་ཁག་བཞིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཕུལ་སོང་། 

ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་གྱི་སྔ་དྲོར་དྷ་ས་རིགས་སློབ་མ་ལག སེར་བྱེས་ཧར་གདོང་ཁང་ཚན། བོད་མིའི་ཚོང་ལས་བདེ་ཚོགས། གཙང་སྟོད་ལྷ་ངམ་ཕུན་གསུམ་(ལྷ་རྩེ་རྫོང་། ངམ་རིང་རྫོང་། ཕུན་ཚོགས་གླིང་རྫོང་།)བཅས་ནས། རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཚེ་སྦྱིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། 

ཐེངས་འདིའི་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་རེད་འདུག་པ་དང་། སྔ་དྲོའི་ཆུ་ཚོད་༨ པ་ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་བའི་ཕོ་བྲང་ནས་གཙུག་ལག་ཁང་དུ་ཞབས་སོར་འཁོད་དེ་ཆོས་ཀྱི་ཁྲིར་བཞུགས་སུ་གསོལ་བ་དང་། 

དབུ་མཛད་ཀྱིས་རྒྱུན་ཆགས་གསུམ་པ་དང་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུང་ཆོག་དབུ་འཛུགས་གནང་ཞིང་། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་མཆོད་བསྟོད་ཚེ་འགུགས་བཟླས་པའི་བར་ཆོག་གཞུང་ལྟར་ཕེབས་མཚམས་ཙ་རུའི་ཚོགས་འཁོར་འབུལ་བཞེས་གནང་བ་དང་། བརྟན་བཞུགས་ཀྱི་དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་དང་གཙང་པ་དགེ་བཤེས་མཁྱེན་རབ་མཐར་ཕྱིན། ཧར་གདོང་དགེ་བཤེས་བསྟན་འཛིན་ཤེས་རབ་བཅས་ཀྱིས་མཎྜལ་ཚོམ་བུ་འདེགས་འབུལ་དང་། དེ་བཞིན་རྡོར་རྗེ་སློབ་དཔོན་མཆོག་གིས་སྐབས་དེར་ཞལ་འདོན་དང་བསྟུན་ནས་སྐུ་གསུང་ཐུགས་རྟེན། ཚེ་བུམ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་རིམ་པར་ཕུལ་བ་དང་། རྡོར་སློབ་སོགས་ཚོགས་སྡེ་ཁག་གི་འཐུས་མིས་མཇལ་ཁ་ཞུས་ཤིང་། རིགས་སློབ་མ་ལག་འཐུས་ཚབ་ནས་ཞབས་བརྟན་གསོལ་འདེབས་དང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འདེགས་འབུལ་དང་། མཐར་སེར་བྱེས་ཀེའུ་ཚང་རིན་པོ་ཆེས་བཀའ་དྲིན་གཏང་རག་གི་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་ཡོད་མི་སྣ་ཚོས་མཇལ་ཁ་ཞུས་ཏེ། རིས་མེད་བསྟན་རྒྱས་སྨོན་ལམ་དང་བདེན་ཚིག་སྨོན་ལམ་སོགས་གསུངས་ཏེ་བརྟན་བཞུགས་གྲུབ་སོང་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་རྒྱལ་བའི་ཕོ་བྲང་དུ་ ཆིབས་བསྒྱུར་གནང་། ཚོགས་ཁག་བཞིའི་བརྟན་བཞུགས་འདིར་དགའ་ལྡན་ཁྲི་རིན་པོ་ཆེ།  ཀུན་བདེ་གླིང་རིན་པོ་ཆེ། སེར་བྱས་ཀེའུ་ཚང་རིན་པོ་ཆེ་སོགས་བླ་སྤྲུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རིས་ཆ་ཌི་སྒི་རིས་(Richard Gere)སོགས་ཕེབས་འདུག དེ་རིང་མགོན་པོ་གང་གིས་དམིགས་བསལ་བཀའ་སློབ་གང་ཡང་གནང་མེད་པ་རེད།


གསར་འགོད་པ། བསྟན་འཛིན་ལམ་བཟང་།