ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་རྣམས་རྡོར་གདན་དུ་གཞུང་འབྲེལ་ཕྱོགས་ཕེབས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་རྣམས་༧སྐྱབས་རྗེ་ཀུན་བདེ་གླིང་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེའི་གཅུང་པོ་དགའ་ལྡན་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་སྐུ་མྱ་ངན་ལས་འདས་ནས་ལོ་༥༥༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོར་མགྲོན་འབོད་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་རེད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན།
ཕྱི་ཟླ་༡༢ ཚེས་༢༩ ཉིན་༧སྐྱབས་རྗེ་ཀུན་བདེ་གླིང་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེའི་གཅུང་པོ་དགའ་ལྡན་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་མྱ་ངན་ལས་འདས་ཏེ། མི་ལོ་ ༥༥༠ ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ཞིག་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་རྒྱུ་ཡིན་འདུག་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་མཁན་པོ་ཀ༔བྲག་དངོས་གྲུབ་བསོད་ནམས་དང་། དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ། ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས། དགེ་བཤེས་རྔ་བ་གངས་རི། དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན། ཚེ་རིང་དབྱངས་ཅན། བསྟན་འཛིན་འཇིགས་བྲལ། རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་བཅས་འགྲོན་འབོད་ཞུས་འདུག་པ་བཞིན།
རྒྱུན་ལས་རྣམས་ཕྱི་ཚེས་༢༧ ཉིན་དང་ཚོགས་གཙོ་སྦྲེལ་པོ་ཕྱི་ཚེས་༢༨ ཉིན་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་དང་། ཕྱི་ཚེས་༢༩ ཉིན་གྱི་ཕྱི་དྲོར་མཛད་སྒོའི་ཐོག་བཅར་རྒྱུ། ཕྱི་ཚེས་ ༢༩ ནས་ ༣༡ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུས་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་མཉམ་ཞུགས་གནང་རྒྱུ་དང་། ཕྱི་ཚེས་ ༣ ཉིན་ལྡི་ལི་བརྒྱུད་བཞུགས་སྒར་རྡ་སར་འབྱོར་རྒྱུ་རེད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
